《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月29日

བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་7ཚེས་15ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། “སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་དམིགས་པ”དེ“དམིགས་པ་བདུན”གྱི་གྲས་སུ་བཅུག་ནས་རིག་གནས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་གཏོང་གི་རྩ་བའི་དམིགས་ཡུལ་དང་ལས་འགན་གལ་ཆེན་བཏོན་པར་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་ཁུར་ཆེན་པོ་དང་གྲོས་བསྡུར་འཁྲུག་པོ་བྱུང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རིག་གནས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཞེས་གཏན་འབེབས་ཁ་གསལ་བྱས་པ་དེས་རང་ལྗོངས་ཀྱི་རིག་གནས་ལྗོངས་སྟོབས་ཆེན་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོའི་ལས་དོན་གྱི་བསམ་ཕྱོགས་སྔར་བས་གསལ་དུ་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཁྲུའུ་ཡི་ལས་དོན་པ་ལུང་པིང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་རིག་གནས་དང་ཡུལ་སྐོར་དང་ཚན་རྩལ་སོགས་ཁྱབ་ཁོངས་མང་པོའི་མཉམ་འདྲེས་གཏིང་ཟབ་འཚོལ་ཞིབ་ཧུར་ཐག་བྱས་ནས། རིག་གནས་ཀྱི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྤུས་རྟགས་གཏོད་ཀྱི་ཡིན། དེ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྒྲིག་གཞི་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཀྱི་བརྒྱུད་སྤེལ་ཐབས་ལམ་ཡངས་སུ་དང་རྒྱལ་སྤྱིར་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་རིག་གནས་ལྗོངས་སྟོབས་ཆེན་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

《གཏན་འབེབས》ནང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་ཐོབ་པ་དང་ཤེས་ལྡན་པ་ཐོན་པ་གཉིས་ཟུང་འབྲེལ་དང་། བརྩམས་ཆོས་ལ་དམ་འཛིན་དང་ཁོར་ཡུག་ལ་དམ་འཛིན་བྱེད་པ་གཉིས་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་བྱེད་པ་དང་། རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ཀྱི་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་དགོས་ཞེས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཀྱི་ཁེ་ཕན་དགོས་མཁོ་སྐོང་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་སྒྲིག་བཀོད་བེད་སྤྱོད་ཀྱི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མང་ཚོགས་ཞུགས་འདོད་ཆེ་བ་དང་ཞུགས་བདེ་བའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཉིན་ཤས་གོང་། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་ཁག་སྤེལ་རིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་གཞོན་པ་ཨའོ་ཁྲའོ་ཡིས“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྔར་བས་ཡག་པོ་གཉེར་ཏེ་སྤུས་ཚད་མཐོ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་། འཁྲབ་སྟོན། ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། སྤུས་དག་དང་། ཤེས་ལྡན་པ། ཕན་འབྲས་བཅས་ཐོན་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རིག་རྩལ་གསར་རྩོམ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་ཉེ་བཅར་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་རིག་གནས་དམངས་ཕན་ཞབས་ཞུ་དང་རིག་རྩལ་སྤུས་དག་གསར་རྩོམ་དེ་བས་མང་བ་བྱས་ནས་རིག་གནས་ཀྱི་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལེགས་སུ་བཏང་སྟེ་བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན”ཞེས་བཤད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)