《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月28日

སྐྱེས་སྐར་གྱི་སྨོན་འདུན།

རྫ་ཤུལ་བློ་བཟང་།

དེ་རིང་མེ་ཏོག་རི་མོའི་མདངས་ལམ་ལམ། །

སང་ཉིན་འོད་ཀྱི་ཟེགས་མ་ཁྲ་ཆེམ་ཆེམ། །

རེ་བའི་སྨོན་འདུན་འབུས་པའི་སྙིང་དབུས་ནས། །

རང་ལ་འཚམ་པའི་གསེར་གྱི་མཛུབ་དཀྲིས་ཉོས། །

དེ་རིང་ཉ་གང་ཟླ་བའི་གཟུགས་མཛེས་མཛེས། །

སང་ཉིན་སྨིན་དྲུག་ཕྲ་ཚོམ་འོད་ལམ་ལམ། །

དབྱར་གསུམ་ལང་ཚོ་མཛེས་པའི་དུས་ཚིགས་འདིར། །

སྨོན་འདུན་རེ་རེ་ཁྱེར་ནས་མདུན་དུ་སྐྱོད། །

དེ་རིང་སྨོན་ཚིག་བུང་བའི་སྒྲ་དིར་དིར། །

སང་ཉིན་རྟེན་འབྲེལ་ཁ་གཡང་འོད་འཚེར་འཚེར། །

ཁ་གཡང་སྟོང་གི་སྙིང་བཅུད་སྙན་པའི་ངག །

འཚོ་བའི་ཡང་སྙིང་སེམས་ཀྱི་དྲོད་ཁོལ་ཡིན། །

གཙང་ཆུ་དྭངས་མ་སེམས་ཀྱི་ཁ་དོག་ཡིན། །

སྙན་འཇེབས་མགུར་གླུ་ཡིད་ཀྱི་འགྱུར་ཁུག་ཡིན། །

ཚང་མ་མགུ་བའི་ཐབས་ཤེས་མེད་གྱུར་ཀྱང་། །

རེ་འབྲས་དོན་དུ་སྨིན་པའི་སྨོན་ལམ་ཡོད། །

རི་སྔོན་ཆུ་དྭངས་ལུང་པའི་རྒྱན་ཆ་ཡིན། །

ལྷག་བསམ་དཀར་པོ་སེམས་ཀྱི་རང་མདངས་ཡིན། །

ཕལ་པའི་འཚོ་བར་བསྐྱར་ཟློས་མང་ན་ཡང་། །

སྙིང་གྲོགས་སྙན་ངག་ཡོད་པས་ཡིད་སེམས་མགུ། །

གྲོགས་ལ་བྲིས་པའི་ཡིག་ཆུང་རེ་རེའི་ཁྲོད། །

མཛའ་གཅུགས་མཚོན་པའི་གསེར་ཟམ་རེ་རེ་ཡོད། །

བག་ཆགས་ཟབ་པའི་མིང་དང་ཐ་སྙད་དག །

དྲན་ཐེངས་རེ་ལ་ལུས་སེམས་ཚ་སོབ་སོབ། །

དགའ་བའི་དུས་སུ་སྙིང་གཏམ་གླེང་ཡུལ་དང་། །

སྐྱོ་བའི་དུས་སུ་སེམས་གཏམ་ཤོད་ཡུལ་ཡོད། །

དགའ་སྐྱོའི་དཔུང་རོགས་སེམས་ཀྱི་གྲོགས་པོ་དག །

ཁེར་སྡོད་མི་ཚེའི་འགྲོ་རོགས་འདུག་རོགས་ཡིན། །

མི་ཚེའི་ལམ་བུར་ཀྱག་ཀྱོག་མང་ན་ཡང་། །

རེ་དོགས་མང་ན་འཁྲུལ་བའི་རྒྱུ་ཡིན་པས། །

གྱ་གྱུའི་སེམས་བྱུང་སྤངས་ནས་འཇིག་རྟེན་གྱི། །

དཀའ་སྡུག་ཚང་མ་འཛུམ་གྱིས་བསུ་དགོས་ཨང་། །

དུས་ཚིགས་འདི་ལ་རང་ཉིད་རང་གིས་འབྲི། །

རེ་འདུན་ཟབ་སའི་ཁྱོད་དང་ལྷན་དུ་འབྲི། །

སེམས་ཀྱི་དཔུང་རོགས་སྙན་པའི་སྡེབ་སྦྱོར་ལྷན། །

སྐྱེས་སྐར་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ། །