ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་། སྐལ་བཟང་དཔལ་འབྱོར། ཝུའེ་ཀོན་ཡུས།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོར་ལོ་46ལ་སླེབས་པའི་གྲོང་མི་ཉི་མ་ཚེ་རིང་གིས་ཁྱིམ་མཚེས་ཚོ་དང་མཉམ་དུ་གྲོང་ཚོའི་འགྲམ་གྱི་ཐང་རྒོད་ཅིག་ཏུ་ས་ཁོད་སྙོམས་ནས་གླིང་ཁ་གཏོང་ས་བཟོ་བཞིན་ཡོད། གང་ཡིན་ཟེར་ན་ཁྱིམ་གྱི་སྒོ་འགྲམ་གྱི་རིམ་མཐོའི་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པས་ཁོང་གིས་ཚོང་ཡག་པོ་ཡོང་གི་རེད་སྙམ་ཡོད།
ཟླ་6ཚེས་30ཉིན་ལམ་ཐག་ཧྲིལ་པོར་སྤྱི་ལེ་245ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་ཧྲིལ་པོ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་གྲོང་ཁྱེར་གཉིས་དབར་རླངས་འཁོར་བཏང་ནས་ཕྱིན་ན་ཆུ་ཚོད་3ཙམ་ལས་འགོར་གྱི་མེད།
ཉི་མ་ཚེ་རིང་དེ་སྔ་ལོ་ལྟར་ཕྱིར་ཨར་པོ་རྒྱུག་པ་དང་ཚོང་རྒྱག་པར་འགྲོ་གི་ཡོད། ཁོང་གིས་ལྷ་ས་གྲོང་ཁྱེར་དུ་འགྲོ་བའི་ལམ་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་ཀྱི་ཡོད།
“དེ་སྔོན་མང་ཆེ་བ་ས་རྡོའི་ལམ་རེད། གྲོང་ཚོའི་ནང་གི་མི་ལྷ་སར་འགྲོ་དུས་སྟབས་བདེ་པོ་མེད། སྨན་ཁང་བསྟེན་པའམ་ཡང་ན་ཚོང་རྒྱག་པར་ལམ་བུ་ཡག་པོ་མེད་པའི་དབང་གིས་རྟག་ཏུ་འཐུས་ཤོར་འགྲོ་གི་ཡོད” ཁོང་གིས“ལོ་10ལྷག་ཙམ་གོང་གཞིས་རྩེ་ནས་ལྷ་སར་བར་ལྟ་ཅི། ང་ཚོའི་གྲོང་ཚོ་ནས་ལྷ་ས་བར་ཆུ་ཚོད་3ཙམ་འགོར་གྱི་ཡོད། ད་ཆ་ཆུ་ཚོད་1ཙམ་ལས་འགོར་གྱི་མེད། ཞིང་ཟོག་ལྷ་སར་འཚོང་བར་དེ་བས་སྟབས་བདེ་རུ་ཕྱིན་པས། ཚང་མས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་ལ་ཞུགས་རྩིས་འདུག”ཅེས་བཤད།
ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་ནི་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ་བཅས་ཀྱི་རྗེས་སུ་བོད་རང་སྐྱོང་ལྗོངས་ནང་ཁུལ་དུ་ལྷ་ས་དང་སྦྲེལ་མཐུད་བྱས་པའི་གྲོང་ཁྱེར་དབར་གྱི་རིམ་མཐོའི་གཞུང་ལམ་ཨང་བཞི་པ་དེ་རེད།
མིག་སྔར་བོད་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་པ་དང་། རྫོང་དང་ཤང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་སྣུམ་ནག་ལམ་ནམ་ཡང་ན་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། འགྲིམ་འགྲུལ་འཛུགས་སྐྲུན་དང་འཕེལ་རྒྱས་དེ་ཐག་རིང་ལུང་ཁུག་ཏུ་གནས་པའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་འགྲོ་སྐྱོད་སྟབས་བདེ་བྱུང་བ་མ་ཟད། ཡོང་འབབ་ཀྱི་ཡོང་ཁུངས་ཀྱང་རྒྱ་ཆེར་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་ཡང་ལྷ་ས་ནས་གཞིས་རྩེའི་རིམ་མཐོའི་གཞུང་ལམ་གྱི་ལམ་རྒྱུད་དུ་ཆགས་ཡོད། ཤང་ཀྲང་ཝང་ཧྲེང་ཁུའེ་ཡིས“ལྷན་ཤང་དུ་འགྲུལ་པ་དང་། རླངས་འཁོར། དངོས་ཟོག་བཅས་མང་དུ་འགྲོ་ངེས་ཡིན་པས་ང་ཚོས་སོ་ནམ་རིག་གནས་ཉམས་ལེན་ཡུལ་སྐོར་དང་ཁྱིམ་ཚང་ཟ་ཁང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྩིས་ཡོད། སླད་ཕྱིན་མང་ཚོགས་གཞིས་རྩེ་དང་ལྷ་སར་བསྐྱོད་པར་དེ་བས་བདེ་འཇགས་དང་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པས་མི་དེ་བས་མང་བ་ཕྱིར་ལས་ཀར་འགྲོ་བ་དང་ཚོང་རྒྱག་པ་སོགས་ལ་བརྟེན་ནས་ཡོང་འབབ་མང་དུ་འགྲོ་རྒྱུ་རེད”ཅེས་བཤད།
གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པར་བརྟེན་བོད་དུ་ཡུལ་སྐོར་བ་རྒྱུན་མཐུད་འཕར་བཞིན་ཡོད། 2023ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལ་སྣེ་ལེན་ཞུས་པ་དེ་2022ལོ་ལས་83.7%འཕར་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཞིང་འབྲོག་པ་17256དང་། མི་ཐེངས་22904ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བར་འབབ་འཕར་སྒོར་དུང་ཕྱུར་1.51ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་12.74%དང་། 8.51% 21.65%བཅས་སོ་སོར་འཕར་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
བོད་ཀྱི་གཏོར་སྐྱོན་ཐེབས་སླ་བ་དང་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་གི་མདུན་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚང་མ་སྐྱེ་ཁམས་ལ་གཏོར་བཤིག་མི་གཏོང་བའི་རྨང་གཞིའི་ཐོག་ལོ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པས་ཨར་འདམ་དང་སྣུམ་རྒྱུ་སོགས་དངོས་རྫས་པའི་མཛོད་ཁང་གི་མཐའ་འཁོར་དུ་ཆུ་འབུད་སྒྲིག་ཆས་བཙུགས་ནས་སྦགས་བཙོག་མི་ཕོག་པ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་འཚོ་བ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་ཐོན་པའི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱས་རྗེས་ཨར་ལས་ཀྱི་ཐལ་རྡུལ་འཇགས་པ་དང་སྔོ་འགྱུར་ཐད་སྤྱོད་ཀྱི་ཡོད།
གངས་ལྗོངས་ས་མཐོའི་ཉི་འོད་དེ་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་གཞན་སྒྱུར་བྱས་ནས་བོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་ཡོད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡ་སྟོད་ཤང་ཚེ་སྤོང་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5100ཟིན་པ་དང་། འོད་ཤུགས་ཤེལ་ལེབ་ཁྲི་8ཙམ་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་གློང་གཏོང་ཐང་གི་རྒྱ་ཁྱོན་ཧྲིལ་པོར་མུའུ་800ལྷག་ཙམ་ཟིན་གྱི་ཡོད། ཧྭ་གློག་ནུས་རྒྱུ་གསར་པའི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་50MWའགན་སྲུང་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་དེ་2024ལོའི་ལོ་འགོར་དྲ་སྦྲེལ་གློག་གཏོང་ཐུབ་པ་དང་། དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཤིག་རེད།
“ལ་མགོ་འདི་ལོ་གཉིས་གོང་ཐང་རྒོད་རེད། ད་ཆ‘ལྗང་མདོག་ནུས་རྒྱུའི་མཛོད’དུ་གྱུར་ཡོད” ཚེ་སྤོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བག་བྲོས“འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱས་པས་ས་རྒོད་བེད་སྤྱོད་ཐུབ་པ་མ་ཟད། ད་དུང་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཟུང་འབྲེལ་དམ་ཟབ་ཐུབ་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་ཡོད”ཅེས་བཤད།
མིག་སྔའི་བར་བོད་ལྗོངས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་སྤྱིའི་གློག་འདོན་ཚད་ནང་བཟུང་བའི་བསྡུར་ཚད་90%ལྷག་ཙམ་ཟིན་པ་ལས་ཆུ་གློག་53.72%དང་། འོད་གློག་36.32% རླུང་གློག་1.4%བཅས་ཟིན་ནས་བོད་ཀྱི་གློག་དྲར་ནུས་རྒྱུ་གཙང་མའི་གློག་འདོན་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད།
ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་དུས་མཚུངས་བོད་ཀྱི་མང་ཚོགས་ཀྱི་རིག་གནས་རོལ་རྩེད་སྒྲིག་བཀོད་ཀྱང་ཧ་ཅང་ལེགས་སུ་ཕྱིན་ཡོད། 2023ལོའི་ཟླ་11པར་བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་ནས་སྒོ་ཕྱེ་བས་བོད་དུ་ཞིང་ཆེན་རིམ་པའི་མཛེས་རྩལ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད། མཛེས་རྩལ་ཁང་ནང“བོད་ལྗོངས་བརྗོད་བྱར་བྱས་པའི་དེང་རབས་མཛེས་རྩལ་གྲུབ་འབྲས་འགྲེམས་སྟོན”དང“རྒྱུན་འཛིན། གསར་གཏོད་བྱས་པའི་ཐང་གའི་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན”སོགས་ཡན་ལག་འགྲེམས་སྟོན་མང་པོ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ཡི་ཞབས་ཞུའི་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་དང་ཞབས་འདེགས་ཞུ་སྟངས“རྟེན་གཞིའི་ཞབས་ཞུ་དང་། གྲངས་འཛིན་ཞབས་ཞུ། སྐོར་སྐྱོད་ཞབས་ཞུ”བཅས་རིམ་གསུམ་རྣམ་པ་མངོན་འགྱུར་བྱུང་ནས་ཞབས་ཞུའི་ནུས་ཕྱོད་ཆེ་རུ་དང་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)