《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་ལ་སྒྱུར་བ་བྱེད་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་7ཚེས་15ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 《གཏན་འབེབས》ནང་། “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་དམིགས་ནས་འཕེལ་རྒྱས་གཏོང་རྒྱུ”དེ“དམིགས་པ་བདུན”གྱི་གྲས་སུ་བཅུག་པ་དང་འབྲེལ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་སྒྲིལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“ཚང་འཛོམས་གྲོས་ཚོགས་ཐོག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་ཡག་པོ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་ཚང་ཡག་པོ། གཞུང་འཁྱོངས་གསར་འབྱེད་ཀྱིས་འཁོར་སྐྱོད་ཡག་པོ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་གཏན་འཁེལ་བའི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན། ཏང་གི་འགོ་ཁྲིད་འོག་རྒྱུན་ཆད་མེད་པར་ལམ་ལུགས་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན《མི་དམངས་ཀྱི་བོད་ལྗོངས》ཀྱི་གཙོ་སྒྲིག་པ་མཱ་ཝུའེ་མིང་གིས་བཤད་པ་དང་། ཁོང་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་དོན་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ཏེ་སྒྱུར་བཅོས་ཀྱི་དགོས་མཁོ་གཞིར་བཟུང་བཟོ་བཅོས་དོར་གསུམ་ལ་སྤྱི་འདོམས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་སྒྱུར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་བཤད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད”ཅེས་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཡོན་ཀོང་གིས་བཤད་པ་དང་། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་ལས་ལྷག་པ་བཏོན་ནས་མི་དམངས་མང་ཚོགས་ཀྱིས་ཁྲིམས་གཏན་འཁེལ་བའི་བྱ་ཐབས་དང་གོ་ཆོད་པའི་ཐབས་ལམ་བརྒྱུད་འདོད་འདུན་དང་བདེ་སྡུག་གོང་ཞུ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས(འབྲེལ་གཏུག་ས་ཚིགས)འཛུགས་པ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་རེ་སྒུག་ཡིན་ལ་མི་དམངས་མང་ཚོགས་ཀྱི་རེ་སྒུག་དེ་བས་ཀྱང་རེད། ང་ཚོས་རྒྱུན་རྣམ་ཅན་གྱི་སྒོ་ནས་འཐུས་མི་སྒྲིག་འཛུགས་ཀྱིས་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་པ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས‘མི་དམངས་ཀྱིས་ང་འཐུས་མིར་བདམས། ངས་དམངས་ཀྱི་ཆེད་དུ་འཐུས་མི་བྱེད’ཅེས་པ་ལག་ལེན་བསྟར་བའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

ཤེ་ཧུའེ་ཧྲི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་ཨོམ་འབའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་ཡིན་ཞིང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གཞི་རིམ་དུ་ལག་ལེན་བསྟར་བར་ཁོང་ལ་མྱོང་ཚོར་དམིགས་བསལ་ཞིག་ཡོད། ཤེ་ཧུའེ་ཧྲིས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་རྒྱ་ཆེ་ཤོས་དང་། བདེན་པ་བདེན་ཐུབ། གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཞིག་རེད། གྲོང་སྡོད་ལས་བྱེད་པ་ཞིག་ཡིན་པའི་ང་ལ་དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་གཞི་རིམ་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་གསོན་ཉམས་དོད་པའི་ལག་ལེན་རྒྱ་ཆེ་ཤོས་ཡོད་པར་མྱོང་ཚོར་ཟབ་མོ་བྱུང་ལ། དེ་དག་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་རང་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོགས་གང་ས་ཅི་ཐད། ལྷུ་ཚིགས་ཁག་བཅས་ནས་མངོན་གྱི་ཡོད། ལས་བྱེད་པས་གྲོང་ཚོར་བཅའ་སྡོད་བྱེད་རིང་དམངས་གཙོའི་བསམ་གཞིག་བྱང་ཆུབ་པོས་སྤྱད་དེ་ལས་དོན་སྤེལ་བ་དང་། ‘གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས’ལྟ་བུའི་གཞི་རྩའི་ལས་ཀའི་གོ་རིམ་བརྒྱུད་དམངས་ཀྱི་བསམ་འདུན་ཉན་པ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་འདོད་བློ་མཚོན་པ། མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་ཤེས་རྟོགས་གང་ལེགས་བྱེད་པ། མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱེད་པ། གཞི་རིམ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཞུགས་ཚད་དང་བློ་ཡིད་ཚིམ་ཚད་ཆེ་རུ་གང་ཐུབ་གཏོང་བ་བཅས་བྱས་ཏེ། དམངས་གཙོའི་ལག་ལེན་དེ་ཉིད་མང་ཚོགས་ཕལ་པའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པ་དང་ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་ཁག་ཁ་གསལ་ཅན་དང་། ཡོངས་བསྒྲགས་ཅན། དམངས་གཙོ་ཅན་བཅས་ཡོང་བར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)