《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལ་དོ་སྣང་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཡོ་བཅོས་མཐའ་གཅིག་ཏུ་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལ་དོ་སྣང་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཡོ་བཅོས་མཐའ་གཅིག་ཏུ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་འགན་གལ་ཆེན་ཞིག་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མི་སེར་གྱིས་རེ་སྒུག་བྱེད་པའི་དོན་དངོས་ཤིག ཏང་གི་སྲིད་སྐྱོང་རྩ་བ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་མི་དམངས་གོང་དུ་བཀུར་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་ཀའི་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། གཅིག་སྡུད་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་དགའ་ཞེན་གང་ལེགས་ཚོར་བ་དང་དྲང་གཞག་དྲང་བདེན་ཉེ་འགྲམ་དུ་ཡོད་པ་ཏན་ཏིག་ཚོར་བ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་གྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ། དུས་མཚམས་དབྱེ་ནས་ལག་བསྟར་ཇུས་གཞི་བཟོ་བ། གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་ལས་འགན་དང་། འཆར་གཞི། དུས་ཚོད་བཅས་གསལ་པོ་བཟོས་ཏེ། ལས་དོན་ལ་འཆར་གཞི་ཡོད་པ་དང་། བཀོད་སྒྲིག་ཡོད་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ས་ཁུལ་དེ་རང་དང་། ལས་རིགས་དེ་རང་། སྡེ་ཚན་དེ་རང་བཅས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། གཅིག་སྡུད་བཅོས་སྒྲིག་གི་གྱོད་གཞི་ཞིབ་གཅོད་ལ་དམ་འཛིན་ཡག་པོ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ལྷོད་མེད། སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྒྲིག་དང་དམངས་ཆེད་སྒྲིག་སྐྱོང་ལ་དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་དུ་བཏང་སྟེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཅིག་སྡུད་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས“འགན་འཁུར་བ་ཨང་དང་པོའི”འགན་འཁྲི་ནན་ཏན་ངང་འཁུར་བ། ཚན་ཁག་གི་ཁོངས་མིས“གནས་གཅིག་འགན་གཉིས”ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། རྩ་ལག་མཉམ་བཅོས་བྱས་ཏེ་ཕུགས་ཕན་ལམ་སྲོལ་འཛུགས་པའི་ཐད་ཤུགས་སྣོན་བརྒྱབ་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ལྡོག་ཕྱོགས་ཀྱི་ཉེན་ཟོན་སློབ་གསོ་ཟུང་འབྲེལ་བྱས་ཏེ། ཟུར་བསྟན་ལེབ་མཐོང་ཡོང་བ་བྱེད་པ་དང་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་དང་རྒྱུན་རྣམ་ཕུགས་ཕན་ཡོང་བ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ནུས་ཤུགས་ཏང་ཆེད་འགན་འཁྲི་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་འཇོག་པར་སྐུལ་འདེད་བཏང་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་ལས་དོན་གྱི་འཇོན་ཐང་འཕེལ་བར་བྱེད་དགོས། ཕན་འབྲས་དངོས་དོན་གཉེར་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་གནད་དོན་དངོས་ཁག་གཅིག་གཅིག་སྡུད་ཐག་གཅོད་དང་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པ་དང་མཐོང་ཐུབ་པའི་དོན་དངོས་ཁག་གཅིག་ཏན་ཏིག་ངང་སྒྲུབ་ཐུབ་པ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པ་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་སྟེ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(བསྟན་བློས་བསྒྱུར། པད་ཆོས་དང་བསྟན་བློས་ཞུས)