《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月26日

རང་ལྗོངས་ཀྱི་ཁེ་ལས་23ཚོགས་སྒྲིག་བྱས་ནས་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “མཐུན་སྒྲིལ་མཉམ་ལས་བྱེད·མཉམ་དུ་འཕེལ་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ—ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཁུན་མིང་དུ་འགོ་ཚུགས་ཤིང་། བོད་འདི་ཉིད་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཁེ་ལས“གྲགས་ཅན་དང་། རྩེ་གྲ ཁྱད་ལྡན། གསར་པ”བཅས་23སྒྲིག་འཛུགས་ཀྱིས་ཁྱད་ལྡན་ཐོན་རྫས་སྣ་ཁ་130ལྷག་ཙམ་ཁྱེར་ནས་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ལ་ཞུགས་ཏེ། བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་དང་བོད་སྨན་སོགས་ལེགས་ཆའི་ཐོན་ལས་དང་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་འགྲེམས་སྟོན་དང་འོས་སྦྱོར་བྲིན་ཚོང་ཤུགས་ཆེན་བྱས་ཏེ། མ་འཇོག་ཚོང་དོན་གྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་བཏང་ནས་བོད་ཀྱི་དཔལ་འབྱོར་ཕྱིར་ཕྱོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་དུས་ཚོད་ནི་ཉིན་6ཡིན་པ་དང་། ཟླ་7ཚེས་28ཉིན་བར་གཉེར་རྒྱུ་རེད། འགྲེམས་ཁང་སྒོ་ཕྱེ་བའི་ཉིན་དེར། བོད་ཀྱི་འགྲེམས་ཁང་དུ་འགྲེམས་ཞུགས་ཚོང་པ་དང་གྲོང་མི་མང་པོ་ལྟ་སྐོར་དང་སྐད་ཆ་འདྲི་བར་སླེབས་ཤིང་། ཁོང་ཚོས་སྤྲོ་སྣང་ཆེན་པོས་བོད་ཀྱི་ཁྱད་ལྡན་ཐོན་རྫས་མྱོང་རོལ་བྱེད་པ་མ་ཟད། ཐོན་རྫས་ཀྱི་ཕན་ནུས་དང་ཁྱད་ཆོས་དྲིས་ཏེ་གསར་འགོད་པར་རང་ཉིད་ཀྱི་བོད་ལ་འཛིན་པའི་ལྟ་སྟངས་བརྗོད་ཡོད། ས་གནས་ས་ཐོག་གི་ལས་དོན་པས་ངང་རྒྱུད་རིང་པོས་རང་སོ་སོའི་ཐོན་རྫས་ངོ་སྤྲོད་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་དེའི་གྲུབ་འབྲས་མངོན་པར་བྱས་ཏེ་ཚང་མ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུར་དགའ་བསུ་ཞུས་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་ཞུས)