《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月26日

དཔའ་ངར་ཆེན་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཁྲོད་ཀྱི་གདོང་ལེན་པ་ཞིག་བྱེད་ཀྱི་ཡིན།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་7ཚེས་15ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་དང་ཚང་འཛོམས་གྲོས་ཚོགས་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཉིན་ཤས་བསྟུད་མར། འཚོགས་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐོར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་མུ་མཐུད་དོ་སྣང་དང་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད། ཚང་མས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་དངོས་ལ་མཛུབ་ཁྲིད་བྱེད་པའི“ཕྱོགས་སྟོན་འཁོར་ལོ”དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ཏུ་བརྩིས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་དཔའ་ངར་ཆེན་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཁྲོད་ཀྱི་གདོང་ལེན་པ་ཞིག་བྱས་ནས་བློ་སེམས་གཅིག་མཐུན་དང་འབད་འཐབ་ལྷོད་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“ངེས་པར་དུ་བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་བཅས་སྤྱི་འདོམས་བྱེད་དགོས”པའི་ནན་བཤད་བྱས་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཧྭ་གློག་བོད་ལྗོངས་ཀུང་སིའི་གྲོང་སྡོད་ལས་དོན་སྒྲུབ་མཁན་ལོ་28ལ་སླེབས་པའི་གཞོན་ནུ་དགེ་ལེགས་དབང་ཕྱུག་གིས་དགའ་ཚོར་ཆེན་པོས། དུས་རབས་གསར་པའི་བོད་ལྗོངས་ཀྱི་གཞོན་ནུ་ཞིག་ཡིན་པའི་ངས། ཉེ་བའི་ལོ་ཤས་རིང་བོད་ཀྱི་བྱ་གཞག་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཏང་གི་ཐུགས་ཁུར་དང་གཅེས་སེམས་ཟབ་མོ་ཚོར་བྱུང་ལ། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་བོད་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་འཚོ་བ་མེད་པའང་ཚོར་སྣང་ཟབ་མོ་བྱུང་། གོམ་སྟབས་རྗེས་མར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་སྡོད་ས་ཚིགས་ཤིང་བརྐོས་མངོན་མིན་རིག་གནས་ཤུལ་བཞག་གི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་དང་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡིན་ཞེས་བཤད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“ཚང་འཛོམས་གྲོས་ཚོགས་ཐོག་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་ལེན་གལ་ཆེན་ཡིན་ཞེས་བཏོན་ཡོད”མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཁྲོམ་ར་ཆེན་པོ་དང་། སྤུས་ཚད་ཆེན་པོ། ལྟ་འདོམས་ཆེན་པོ”བཅས་ལ་གཞི་ཚུགས་ཏེ་བྱ་ཐབས་སྣ་མང་མཉམ་དུ་སྤྱད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དང“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཟབ་ཏུ་བཏང་ཞིང་། སྒྱུར་བཅོས་ཀྱི་ས་ཁོངས་དང་དོན་ཚན་100%ཁྱབ་ཐུབ་པ་བྱུང་ནས“དྲ་གཅིག་ཀུན་སྒྲུབ”ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་དྲ་ཐོག་དྲ་ཕྱི་མཉམ་འདྲེས་ལ་སྐུལའདེད་བཏང་ཡོད། དེ་དང་ཆབས་ཅིག དྲ་ཕྱི་བརྒྱུད་རེ་ཞུ་སྒྲུབ་རོགས་དང་། ཁྲིད་སྒྲུབ། ཚབ་སྒྲུབ་སོགས་ཀྱི་བྱ་ཐབས་དྲ་ཐོག་ནས་གཉེར་བར་ཁྲིད་སྟོན་བྱས་ཏེ་ཁེ་ལས་ཀྱི་འགྲོ་ལུགས་ཉིན་གཅིག་ནང་གཉེར་ཐུབ་པ་དང་ཁེར་རྐྱང་ལས་གཉེར་ལག་ཁྱེར་ཡོང་མ་ཐག་གཉེར་བས་དུས་ཐོག་ཏུ་གཉེར་ཚད་92%ཟིན་ནས་ཁྲོམ་རའི་གསོན་ཤུགས་དེ་བས་འཕེལ་ཐུབ་པ་བྱུང་ཡོད། ཟླ་6པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་དུ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁྱོན་19751ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་281.99ཟིན་ནས་དུས་མཚུངས་ལས་13%དང་11%འཕར་ཏེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་རྒྱུན་མཐུད་མཁོ་འདོན་བྱས་ཡོད། “གོམ་སྟབས་རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གླེང་མང་བའི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་མུ་མཐུད་ཐག་གཅོད་ཡག་པོ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་འཕེལ་བ་བཅས་བྱས་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་འགན་འཁུར་བ་དེས་བཤད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)