《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月24日

སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་།

—— ཕ་ཡུལ་གྱི་གཏམ་བཟང་ང་ཡིས་བརྗོད།

2024ལོའི་ཟླ་6ཚེས་30ཉིན་རླངས་འཁོར་ཤར་གཏོང་ཐུབ་པའི་ལྷ་གཞིས་རིམ་མཐོའི་གཞུང་ལམ།

ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཀུན་བདེ་གླིང་རྩྭ་ཐང་དུ་ཅི་དགར་རོལ་བའི་ཤྭ་བ་སེར་ཆེན།

གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་དུ་སྒོར་གཞས་འཁྲབ་བཞིན་པ།

ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་བཞིན་པ།

བཀའ་མངགས་ཟབ་མོ་སྔར་བཞིན་རྣ་ལམ་དུ་ལྷང་ལྷང་གྲགས་ཤིང་བརྗིད་ཆེའི་འཆར་གཞིས་མི་རྣམས་ཀྱི་སེམས་ཤུགས་འཕེལ་བར་བྱས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དམ་འཛིན་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།

ལོ་གསུམ་རིང་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་དང་དཔའ་ཉམས་གང་ལེགས་མངོན་པར་བྱས་ཡོད། ལོ་གསུམ་རིང་ང་ཚོས་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་འཛིན་བྱས་ཡོད། ལོ་གསུམ་རིང་ང་ཚོས་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་། “གྲོགས་ཚོམ”སྔར་བས་རྒྱ་ཆེ་རུ་ཕྱིན་པ། དམངས་འཚོའི་ཕན་པ་དེ་བས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་སོགས་ཀྱི་རྒྱུགས་ལན་གསར་རྐྱང་ཞིག་ཕུལ་ཡོད།

ལོ་རྒྱུས་ཀྱི་མཆོང་སྐྱོད་རེ་རེ་དང་འགྱུར་ལྡོག་ཆེན་པོ་རེ་རེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་གྲུབ་འབྲས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད།


ལྷ་ས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་ཞུས་ཕུའུ་ཅིན་གྱིས་བརྗོད་དོན།

སེ་འབྲུའི་རྡོག་ལྟར་གོང་བུ་ གཅིག་ཏུ་སྒྲིལ་གྱི་ཡིན།


ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བར་སྐོར་གྱི་མཐའ་འཁོར་དུ་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེ་མོ་བརྒྱ་ལྷག་ཙམ་ཡོད་ཅིང་། ཁྲོམ་གཞུང་དང་སྲང་ལམ་གྱི་ཕྱོགས་གང་སར་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་བཟང་གོ་རྒྱུ་ཡོད།

ལྷ་ལྡན་གཙུག་ལག་ཁང་གི་ལྷོ་ནུབ་ཏུ་གནས་པའི་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་མང་པོའི་མང་ཚོགས་འཚོ་སྡོད་བྱེད་ཀྱི་ཡོད། ཅང་སུའུ་ནས་ལྷ་སར་ལས་ཀར་ཡོང་བའི་ཞུས་ཕུའུ་ཅིན་ལོ་ཁ་ཤས་གོང་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་དབང་པོ་སྐྱོན་ཅན་ལ་གྱུར་པས། ཁོང་དང་བཟའ་ཟླའི་འཚོ་བར་རེ་ཞིག་དཀའ་ངལ་ཆེན་པོ་འཕྲད། སྟབས་ལེགས་པ་ཞིག་ལ་སྡེ་ཁུལ་གྱི་གྲོང་མི་དང་ལས་དོན་པའི་དོ་ཁུར་དང་རོགས་རམ་འོག ད་ཆ་ཁོང་རྒན་རྒོན་གཉིས་ཀྱི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད། ཞུས་ཕུའུ་ཅིན་གྱིས་རྟག་ཏུ“ཁོང་ཚོ་གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ཀྱང་ལྷག་པ་ཡོད”ཅེས་བརྗོད་ཀྱི་ཡོད།

ཞུས་ཕུའུ་ཅིན་གྱིས་གསར་འགོད་པར། སྡེ་ཁུལ་གྱི་གྲོང་མིའི་མི་རིགས་ཀྱི་གྲུབ་ཆ་སྣ་མང་ཡིན་པའི་དོན་དངོས་ལ་དམིགས་ནས། ཀླུ་སྒུག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས“སྐད་གཉིས་སློབ་ཁང་ཆུང་ངུ”བཀོད་སྒྲིག་བྱས་ཏེ“སྐད་གཉིས་སྦྱོང་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་དང་བླངས་ཟུར་ཁྲིད་ཞབས་ཞུའི”བྱེད་ཐབས་བརྒྱུད། བོད་རིགས་གྲོང་མི་ཚོར་སྤྱི་སྤྱོད་སྐད་ཡིག་ཁྲིད་པ་དང་ཆབས་ཅིག  མི་རིགས་གཞན་དག་གི་གྲོང་མི་ཚོར་བོད་སྐད་ཀྱང་ཁྲིད་ཀྱི་ཡོད་པས། ཕན་ཚུན་སྐད་བརྡ་འཕྲོད་ནས་འབྲེལ་འདྲིས་དམ་ཟབ་བྱུང་ཡོད་ཅེས་བཤད།

ཞུས་ཕུའུ་ཅིན་དང་འདྲ་བར་ས་མཐོའི་ས་གཞི་ཆེན་པོར་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ཟབ་པའི་གཏམ་རྒྱུད་གསར་པ་མུ་མཐུད་ཐོན་དང་འཐོན་བཞིན་ཡོད་ལ། མི་རིགས་ཁག་གི་མང་ཚོགས་གཅིག་ཕན་གཅིག་རོགས་དང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གིས་བོད་ཀྱི་དར་རྒྱས་གོང་འཕེལ་ལ་རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་མཆིས།


ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་མཆོག་ཚེ་རིང་གིས་བརྗོད་དོན།

ཁམ་བུའི་མེ་ཏོག་གི་དཔལ་འབྱོར་ལ་ བརྟེན་ནས་ང་ཚོ་ཕྱུག་པོ་ཆགས་སོང་།


2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར“ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་དང་པོ་ཡིན་པའི་ཀ་ལ་གྲོང་ཚོས“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོའི”མཛེས་ལྗོངས་ཁུལ་ལ་བརྟེན་ནས་ལྟ་སྐོར་དང་མྱོང་རོལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་1300ལྷག་ཙམ་ཟིན་པ་དང་མི་སེར་ལ་ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིཌ་ན། འདི་ལོ་ཀ་ལའི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”ཟླ་3ཚེས་17ཉིན་ནས་ཡུལ་སྐོར་བར་སྒོ་ཕྱེ་ཞིང་། ཟླ་ཕྱེད་ནང་ཡུལ་སྐོར་བ་མི་ཐེངས་38000ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་200ཙམ་བྱུང་བ་དང་། ཟླ་3ཚེས་31ཉིན་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པའི་ཉིན་མོར“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོས”ཡུལ་སྐོར་བ་6000ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་19ཙམ་ཟིན་ཡོད།

ཀ་ལ་གྲོང་ཚོའི་གྲོང་མི་མཆོག་ཚེ་རིང་གིས། ཁམ་བུའི་མེ་ཏོག་དུས་ཆེན་རིང་ཡུལ་སྐོར་བར་རྟ་འཁྲིད་ལྟ་སྐོར་གྱི་ཞབས་འདེགས་ཞུ་གི་ཡོད། ད་ཆ་རྟ་བཞོན་འདོད་ཡོད་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་གི་འདུག རྟ་གཅིག་ལ་ཉིན་རེར་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཙམ་རག་གི་འདུག གྲོང་མི་ཚོར་ཁམ་བུའི་མེ་ཏོག་དུས་ཆེན་རིང་གི་ཡོང་འབབ་དང་ལོ་མཇུག་གི་ཁེ་སྤོགས་བསྣན་ན་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.6ཟིན་གྱི་ཡོད་ཅེས་བཤད།

མཆོག་ཚེ་རིང་གི་གཏམ་རྒྱུད་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་སྟོང་མང་པོའི་མཚོན་བྱེད་ཙམ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གཞིགས་ནས། ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་རླབས་རྒྱུན་ཁྲོད་མདུན་དུ་སྐྱོད་བཞིན་མཆིས། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལས་བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་མཆིས།


ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བདག་སྐྱོང་བ་ཕུར་བུ་རྡོ་རྗེས་བརྗོད་དོན།

རི་སྔོན་ཆུ་དྭངས་ཡག་པོ་བསྲུངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་གྱི་ཡིན།


ཕུར་བུ་རྡོ་རྗེ་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བདག་སྐྱོང་བ་ཞིག་རེད། ཕུར་བུ་རྡོ་རྗེས་ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་པར་ལག་ཆ་ཁྱེར་ཏེ་ནགས་གསེབ་ཏུ་ཡོང་ནས་ཤིང་སྡོང་རེ་རེ་བཞིན་ལ་ཞིབ་ལྟ་བྱས་ཏེ་དེའི་ཡལ་འདབ་དང་སྡོང་པོར་ཞིབ་བཤེར་ནན་ཏན་བྱེད་ཀྱི་ཡོད། “འདིར་རིགས་མི་འདྲ་བའི་རྩ་ཆེའི་ལྗོན་ཤིང་མང་པོ་ཡོད་པས། ང་ཚོའི་ལས་ཀའི་ལྷུ་ཚིགས་གལ་ཆེ་ཤོས་ནི་ཤིང་སྡོང་ལ་ནད་དང་གནོད་འབུའི་གནོད་འཚེ་ཕོག་ཡོད་མེད་བལྟ་རྒྱུ་དེ་ཡིན”ཞེས་ཁོང་གིས་བརྗོད།

གཞན་ཡང་། དུས་རྒྱུན་ནས་ར་སྐོར་ཉམས་བཟོ་དང་། ཚུལ་མིན་གྱི་བྱེད་སྤྱོད་གཏན་འགོག གད་སྙིགས་སྒྲུག་པ་སོགས་བྱེད་པར་ཕུར་བུ་རྡོ་རྗེས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ཉིན་ཕྱེད་འགོར་གྱི་ཡོད། སྤང་སྣེ་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཕུར་བུ་རྡོ་རྗེས་ས་ཆ་འདིར་བརྩེ་བ་ཟབ་མོ་བཅངས་ཡོད། ཁོང་གིས“འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན་པས། ང་ཚོར་ས་ཆ་འདི་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་ཡོད”ཅེས་བརྗོད།

ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་དང་། སླར་གསོ། ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་སྤྱད་པས། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཉིང་ཁྲིའི་མཛེས་ལྗོངས་ལ་ལྟ་ས་དང་སྐྱེ་ཁམས་འཛུགས་སྐྱོང་བཟང་བའི་མིང་བྱང་ལྟ་བུར་གྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཕན་འབྲས་སྐལ་བརྒྱར་ཐོན་པ་དང་གནམ་འོག་དྲིན་གྱིས་སྐྱོང་བར་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན”ཞེས་ནན་བཤད་གནང་ཡོད།

མཛེས་ཤིང་ལྟ་ན་སྡུག་པའི་ལྷ་ཀླུ་འདམ་ར་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྤྱི་ལེ་160ལྷག་ཙམ་གྱི“སྔོ་ལྗང་བར་ཁྱམས”བར་དང་། བོད་བྱང་ཐང་གི་རྩྭ་ཐང་ནས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིའི་བར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོའི་ནམ་མཁའ་གཡའ་དག་ཅིང་ས་གཞི་སྔོ་ཞིང་རྡུལ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་ལ་ཡུལ་ལྗོངས་ལྟ་ན་སྡུག་པའི་སྐྱེ་ཁམས་ཀྱི་ལེའུ་རྩོམ་བཞིན་མཆིས།


མཐའ་མཚམས་སུ་གཞི་ཚུཌ་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་ཀྱི་ཡིན།

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་བརྗོད་དོན།


“ཡར་ལངས་ཞིང་བྲན་ནས་བདག་པོར་གྱུར་པ་དང་དེ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་བར། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོ་ཡུལ་སྨད་ཤང་ཡང་དེ་སྔའི‘མི་གསུམ་ཤང’ནས་ད་ལྟ་མི་200ལྷག་ཙམ་ཡོད་ཅིང་། འགྲོ་ལམ་ཚང་མར་སྣུམ་ནག་ལམ་བཏིང་བ་དང་། དུད་ཚང་ཚང་མར་གློག་ཤར་གཏོང་ཐུབ་པ། དྲ་བ་ཡོད་པ། ལོ་རེར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.43ཟིན་ཡོད། འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་རེད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བརྗོད།

“ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའུ་ལ་ད་ཆ་ཏང་ཡོན་29ཡོད་པ་ཚང་མ་མཐའ་སྲུང་ཚོགས་ཆུང་8ནང་བཅུག་ཡོད་པ་དང་། ཏང་ཡོན་མི་རེ་ངོ་རེས་ཟླ་རེར་མཐའ་སྲུང་སྐོར་ཞིབ་ཐེངས་3ཡན་བྱེད་ཀྱི་ཡོད”ཅེས་པ་སངས་ཚེ་རིང་གིས་གསར་འགོད་པར་བརྗོད། ཁོང་གིས། ཡུལ་སྨད་ནི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་གནས་པས་མཐའ་མཚམས་སུ་སྐོར་ཞིབ་བྱེད་ཐེངས་གཅིག་ལ་ལམ་ཐག་རིང་ཤོས་ལ་ཉིན་བཞི་ལྔ་ཙམ་འགོར་བ་དང་ལམ་ཐག་ཐུང་ཤོས་ལ་ཉིན་གཅིག་འགོར་གྱི་ཡོད། ཚང་མས་ཤང་ཀྲང་རྒན་པ་སངས་རྒྱས་ཆོས་པ་དང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་བཅས་3མིག་དཔེར་བཟུང་སྟེ་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།

ཡུལ་སྨད་ཤང་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཐག་རིང་ལུང་ཁུག་ཏུ་གནས་པའི་ཤང་གྲོང་ཞིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆའི་སྟེང་དུ་སངས་རྒྱས་ཆོས་པས་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཁྲིད་ནས་དེ་གར་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་ཡོད། ཕ་དང་བུ་མོ་གཉིས་ཀྱང་ཡུལ་སྨད་ཀྱི་ཀྲུང་གུང་ཏང་ཡོན་སྔ་ཤོས་རེད།

པ་སངས་ཚེ་རིང་གིས། ཤང་ཀྲང་རྒན་པ་སངས་རྒྱས་ཆོས་པ་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་། དེ་ནས་ཡུལ་སྨད་གྲོང་ཚོའི་ད་ཆའི་ཏང་ཡོན་དང་ཡུལ་མི་དང་། ད་དུང་བཅའ་སྡོད་དམག་དཔུང་དང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་བར། ཡུལ་སྨད་ཀྱི་རྒྱལ་གཅེས་མཐའ་སྲུང་དཔུང་སྡེ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད་ཅེས་བརྗོད།