སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁྲག་རྩ་ལྟ་བུ་ཡིན་པ་དང་། ཁྲག་རྩ་དེ་འཁོར་རྒྱུག་ཡག་པོ་བྱུང་ཚེ་གཞི་ནས་གྲོང་ཁྱེར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། དེས་ན་ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་དྲ་རྒྱའི་འཛུགས་སྐྲུན་ཐད་འབད་བརྩོན་དང་ས་འོག་བར་མཐོངས་བེད་སྤྱོད་གང་ལེགས་བྱེད་པའི་ཐད་འབད་བརྩོན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མིག་སྔའི་བར། རང་རྒྱལ་གྱིས་བསྐྲུན་པའི་ལྕགས་ལམ་དང་གཞུང་ལམ་གྱི་ཕུག་ལམ་སྤྱི་ལེ་ཁྲི་5ལས་བརྒལ་བ་དང་། ས་འོག་ལྕགས་ལམ་སྤྱི་ལེ་8543བསྐྲུན་པ། ས་འོག་ཕྱོགས་བསྡུས་སྦུ་གུའི་བར་ཁྱམས་སྤྱི་ལེ་5100བསྐྲུན་ཡོད་པ་རེད།
ཉིན་ཤས་གོང་རང་རྒྱལ་གྱི་རྣམ་གྲངས་9བདེ་བླག་ངང་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་ཚུད་པ་དང་གྲངས་འབོར་གོ་ལ་ཧྲིལ་པོར་མང་ཤོས་ཡིན་པ་རེད། ཁྲེང་ཁུན་ལྕགས་ལམ་གྱི་ཧྲ་མཱ་ལཱ་ཏ་ཕུག་ལམ་དང་། ཅིན་ཀོང་ལྕགས་ལམ་ཧེང་ཀོང་ལམ་ཐིག་བསྐྱར་མའི་ཏ་ཡའོ་ཧྲན་ཕུག་ལམ། ཤིས་ཁང་ལྕགས་ལམ་གྱི་ཆིན་ལིང་ཕུག་ལམ། མཚོ་བོད་ལྕགས་ལམ་གྱི་ཤིན་ཀོན་ཅའོ་ཕུག་ལམ། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་དིམ་སྦུག་ཕུག་ལམ། ཤང་ཀང་ཐུན་མོན་ནས་ཁྲི་ལེ་ཅའོ་བར་གྱི་ཕུག་ལམ། ཧྲེན་ཀྲེན་ས་འོག་ལྕགས་ལམ་གྱི་ལམ་ཐིག་14པ། ཧྲེན་ཀྲུང་བགྲོད་ལམ་གྱི་མཚོ་གཏིང་ཕུག་ལམ། ཆིང་ཏའོ་ཅའོ་ཀྲོའུ་མཚོ་ཁུག་གི་མཚོ་གཏིང་གཞུང་ལམ་གཉིས་པའི་ཕུག་ལམ་སོགས་ཕུག་ལམ་ལས་གྲྭ་རེ་རེ་བཞིན་གྱིས་རང་རྒྱལ་གྱི་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་དཔང་པོ་བྱས་ནས་མི་རྣམས་ཀྱི་འགྲོ་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ལ་རམ་འདེམས་ཐུབ་ཡོད།
ཁྲེང་ཁུན་ལྕགས་ལམ་གྱི་ཧྲ་མཱ་ལཱ་ཏ་ཕུག་ལམ།
1966ལོའི་ཟླ་11པར་ཕུག་ལམ་གྱི་གྲུབ་ཆ་གཙོ་བོ་བསྐྲུན་ཟིན་པ་དང་། ཕུག་ལམ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ལ་འཛུགས་སྐྲུན་གྱི་དཀའ་ཚད་ཀྱང་ཧ་ཅང་ཆེན་པོ་ཡོད་པ་རེད།
ཅིན་ཀོང་ལྕགས་ལམ་ཧེང་ཀོང་ལམ་ཐིག་བསྐྱར་མའི་ཏ་ཡའོ་ཧྲན་ཕུག་ལམ།
1987ལོའི་ཟླ་12པར་ཕུག་ལམ་གྱི་གྲུབ་ཆ་གཙོ་བོ་བསྐྲུན་ཟིན་ཞིང་། དེ་ནི་རང་རྒྱལ་གྱི་མེ་འཁོར་ཤར་གཏོང་ཐུབ་པའི་ལམ་ཐིག་གཉིས་ཅན་གྱི་གློག་རླངས་ཅན་གྱི་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་དེ་ཡིན་པ་རེད།
ཤིས་ཁང་ལྕགས་ལམ་གྱི་ཆིན་ལིང་ཕུག་ལམ།
1999ལོའི་ཟླ་9པར་བསྐྲུན་ཟིན་ཞིང་། དེ་ནི་རང་རྒྱལ་གྱིས་བཅད་ངོས་ཡོངས་ཀྱི་བརྐོ་འདྲུའི་འཕྲུལ་འཁོར་སྤྱད་ནས་བསྐྲུན་པའི་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་དེ་རེད།
མཚོ་བོད་ལྕགས་ལམ་གྱི་ཤིན་ཀོན་ཅའོ་ཕུག་ལམ།
2011ལོའི་ཟླ་8པར་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཅིང་། དེ་ནི་རང་རྒྱལ་གྱིས་ས་བབ་མཐོ་ཚད་སྨི་3000ཡན་དང་མཚོ་བོད་ས་མཐོའི་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་འོག་རིང་ཚད་ལ་སྟོང་སྨི་30ལས་རིང་བའི་ཕུག་ལམ་བསྐྲུན་ཐེངས་དང་པོ་དེ་རེད།
ཤང་ཀང་ཐུན་མོན་ནས་ཁྲི་ལེ་ཅའོ་བར་གྱི་ཕུག་ལམ།
2020ལོའི་ཟླ་12པར་ཕུག་ལམ་དངོས་སུ་ཤར་གཏོང་ཐུབ་ཅིང་། དེ་ནི་ཤང་ཀང་གི་མཚོ་མཐིལ་དུ་འབིགས་བརྒྱབ་ནས་བསྐྲུན་པ་དང་མིག་སྔའི་བར་མཚོ་གཏིང་དུ་རླངས་འཁོར་སྐྱོད་པའི་ཕུག་ལམ་རིང་ཤོས་དང་གཏིང་རིང་ཤོས་དེ་རེད།
ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་དིམ་སྦུག་ཕུག་ལམ།
2017ལོའི་ཟླ་5པར་ཕུག་ལམ་སྦྲེལ་མཐུད་ཐུབ་ཅིང་། དེ་ནི་འཛམ་གླིང་ཐོག་གཞུང་ལམ་གྱི་དིམ་སྦུག་ཕུག་ལམ་རིང་ཤོས་འབའ་ཞིག་དེ་རེད།
ཆིང་ཏའོ་ཅའོ་ཀྲོའུ་མཚོ་ཁུག་མཚོ་གཏིང་གཞུང་ལམ་ གྱི་ཕུག་ལམ་གཉིས་པ།
དེ་ནི་འཛམ་གླིང་ཐོག་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེ་ཤོས་དང་རིང་ཤོས་ཀྱི་མཚོ་གཏིང་གཞུང་ལམ་གྱི་ཕུག་ལམ་ཞིག་རེད།
ཧྲེན་ཀྲེན་ས་འོག་ལྕགས་ལམ་གྱི་ལམ་ཐིག་14པ།
2022ལོའི་ཟླ་10པར་ཤར་གཏོང་གཉེར་སྐྱོང་བྱས་ཤིང་། དེ་ནི་རྒྱལ་ནང་གི་རིམ་པ་མཐོ་ཤོས་ཀྱི་རང་འགུལ་འཁོར་སྐྱོད་མ་ལག་གི་ཁ་ལོ་བ་མེད་པའི་ལམ་ཐིག་ཅིག་ཡིན་པས། གྲོང་མི་ཕྱིར་སྐྱོད་སྟབས་བདེ་རུ་ཤུགས་ཆེན་ཕྱིན་ཡོད།
ཧྲེན་ཀྲུང་བགྲོད་ལམ་གྱི་མཚོ་གཏིང་ཕུག་ལམ།
2023ལོའི་ཟླ་6པར་ཕུག་ལམ་སྦྲེལ་མཐུད་ཐུབ་ཅིང་། རིང་ཚད་ལ་སྤྱི་ལེ་6.8ཙམ་ཡོད་པ་དང་དེའི་དིམ་སྦུག་ཕུག་ལམ་ནི་འཛམ་གླིང་ཐོག་རིང་ཤོས་དང་ཞེང་ཆེ་ཤོས་ཀྱི་ཕྱི་ཤུན་ངར་ལྕགས་ཡིན་པའི་ཨར་འདམ་གྱི་དིམ་སྦུག་ཕུག་ལམ་ཞིག་རེད།