《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月18日

ཐོན་རྫས་གསར་པའི་མདུན་ལམ་ཡངས། འདོད་མོས་མངགས་ཐོ་འབོར་ཆེན་འབྱོར།

ཨན་ཆི་ཇོ་མོ་གླང་མ་ས་མཐོའི་ཕན་སྐྱེས་འབུ་ཕྲའི་ལྷད་མེད་བཟོ་

སྐྲུན་རྣམ་གྲངས་ཐོན་སྐྱེད་བྱེད་གྲབས་ཡོད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཚོང་འགུགས་མ་འདྲེན་བྱས་པའི་གཙོ་གནད་རྣམ་གྲངས་ཏེ། ཨན་ཆི་ཇོ་མོ་གླང་མ་ས་མཐོའི་ཕན་སྐྱེས་འབུ་ཕྲའི་ལྷད་མེད་བཟོ་སྐྲུན་རྣམ་གྲངས་ཐོན་སྐྱེད་མ་བྱས་གོང་གི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ལ། ཁྲོམ་ར་གསར་སྤེལ་དང་ཚོང་འགུགས་ལས་དོན་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། མིག་སྔར་འདོད་མོས་མངགས་ཐོ་འབོར་ཆེན་འབྱོར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་3པར་འཚོགས་པའི་ཀྲུང་གོའི་རྒྱལ་སྤྱིའི་བཟའ་བཅའི་སྦྱོར་རྟ་དང་རྒྱུ་ཆ་སྡེབ་སྦྱོར་འགྲེམས་ཚོགས་སྐབས་ཉེར་བདུན་པར་ཨན་ཆི་ཇོ་མོ་གླང་མ་ས་མཐོའི་ཕན་སྐྱེས་འབུ་ཕྲའི་ཐོན་རྫས་འགྲེམས་སྟོན་བྱས་མ་ཐག་ཚོང་པའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། པེ་ཅིང་གི་འོ་ཟས་ལས་རིགས་ཀྱི་མ་བཅོས་ཟུར་སྦྱོར་དངོས་རྫས་ཆེད་ལས་མཁོ་འདོན་ཚོང་པ་ཞིག་གིས་ཐོན་རྫས་དེ་ནང་སོག་གི་འོ་ཟས་ཁེ་ལས་ཆེ་འབྲིང་ཁག་ལ་ཁྱབ་གདལ་གཏོང་རྩིས་ཡོད་པ་རེད།

རྒྱལ་ནང་གི་ཕན་སྐྱེས་འབུ་ཕྲའི་ལས་རིགས་འགོ་འཛུགས་ཕྱི་བ་དང་རང་བདག་ཤེས་བྱའི་ཐོན་དབང་གི་འབུ་ཕྲའི་རིགས་དཀོན་པས་རྒྱལ་ནང་གི་ཐོན་སྐྱེད་བཟོ་གྲྭ་མང་ཆེ་བས་ཡོ་རོབ་དང་ཨ་རིའི་ཀུང་སིའི་ཁེ་བེད་བདག་ཐོབ་ཀྱི་འབུ་ཕྲའི་རིགས་ཉོས་ནས་ཆོག་མཆན་ཐོབ་རྗེས་སླར་ཡང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཀྱི་ཡོད། 2022ལོར་རྒྱ་ཚ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་སོགས་ཕྱོགས་མང་པོས་འབད་བརྩོན་བྱས་མཐར། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ས་མཐོའི་ཕན་སྐྱེས་འབུ་ཕྲའི་ལྷད་མེད་བཟོ་སྐྲུན་རྣམ་གྲངས་རྒྱ་ཚ་རུ་གཉེར་ནས་ས་མཐོའི་ཕན་སྐྱེས་འབུ་ཕྲ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།

“ས་མཐོའི་དམིགས་བསལ་གྱི་གནམ་གཤིས་དང་ཁོར་ཡུག་གི་ཤུགས་རྐྱེན་འོག་ས་མཐོའི་ཕན་སྐྱེས་འབུ་ཕྲའི་སྐྱེ་འཕེལ་ནུས་ཤུགས་ཆེ་རུ་འགྲོ་ཐུབ་པ་མ་ཟད། སྐྱེ་དངོས་ཀྱི་ཁྱད་པར་རང་བཞིན་དང་། སྐྱེ་དངོས་རྫས་འགྱུར། ལུས་ཁམས་བཅས་ཐད་ཀྱི་ཁྱད་པར་རང་བཞིན་ཧ་ཅང་བརྟན་པོ་ཡོད”བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་ཧོ་ཤིན་ཀྲང་གིས་ངོ་སྤྲོད་བྱས་པར། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་1.86བཏང་ནས་ལོར་ཐོན་ཚད་ཏུན་200ཟིན་པའི་ས་མཐོའི་ཕན་སྐྱེས་འབུ་ཕྲའི་སྨན་ཕྱེ་དང་ཕན་སྐྱེས་འབུ་ཕྲའི་སྨན་རིལ་ཐོན་སྐྱེད་ཀྱི་སྒྲུབ་རིམ་རེ་རེ་སྐྲུན་རྩིས་ཡོད་པ་དང་། ཕན་འབྲས་ཐོན་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་3ཡན་ཟིན་རེ་ཡོད། མིག་སྔར་རྣམ་གྲངས་དེ་སྒྲིག་ཆས་བསྒར་བ་དང་། མདོང་ལམ་འདིང་བ། འགྲོ་ལམ་སྔོ་སྒྱུར་བཅས་ཀྱི་དུས་མཚམས་སུ་སླེབས་པ་དང་ཟླ་7པའི་ཟླ་སྨད་དུ་སྙོམ་སྒྲིག་ཚོད་ལྟའི་ཐོན་སྐྱེད་བྱེད་རྩིས་ཡོད་པ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)