འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། དམངས་སྲིད་ལས་སྒོའི་རྐང་འཛིན་པ་བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་དུ་ཞབས་ཞུ་ལྟ་འདོམས་ཀྱི་ལས་དོན་སྤེལ་བར་མངགས་ཏེ། བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་གི་ལས་དོན་བརྟན་པོ་དང་ལས་ཕྱོད་ཆེན་པོ་ཡོང་བར་བྱས་ཡོད།
མངགས་གཏོང་མི་སྣས་གཟའ་འཁོར་གཅིག་རིང་ལེབ་བཤེར་བྱས་ཏེ་སེམས་ཁམས་བདེ་པོ་དང་ཐང་པོ་མེད་པའི་ནད་པའི་ནད་གཞིའི་གནས་ཚུལ་དང་། ཁྱིམ་ཚང་གི་གནས་ཚུལ། སྨན་བཅོས་ཀྱི་དགོས་མཁོ། ལྷག་པར་དུ་དམངས་སྲིད་ཞབས་འདེགས་ཞུ་ཡུལ་བསྡུ་ལེན་དང་སྨན་བཅོས་གནས་ཚུལ་བཅས་གཞི་རྩའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱས་ཡོད་ལ། ནད་གཞི་ཡང་བ་དང་ཁྱིམ་དུ་ལོག་ནས་དྲག་སྐྱེད་སྦྱོང་བརྡར་བྱེད་པའི་ནད་པ་ཚང་མར་ཡིག་ཚགས་ཀྱང་བཟོས་ཡོད། གྲོང་ཁྱེར་གྱི་བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་གི་གཟའ་འཁོར་གྱི་འཆར་ཅན་ཚོགས་འདུ་དང་། ཆེད་དོན་བགྲོ་གླེང་ཚོགས་འདུ། དོན་རྐྱེན་དབྱེ་ཞིབ་ཚོགས་འདུ་བཅས་ལ་ཧུར་ཐག་ཞུགས་ཏེ། ལས་དོན་ཁག་གི་འཕེལ་རིམ་དང་ནད་པའི་སྨན་བཅོས་ཐོན་ཁུངས་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོ་བྱས་ཡོད། བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་གི་སྤྱི་ཡོངས་ཀྱི་གཉེར་སྐྱོང་གནས་ཚུལ་དང་། ཚན་ཁག་ཁག་གི་འགན་ནུས། ལས་ཀའི་ནུས་པ་སོགས་ཕྱོགས་ཡོངས་ནས་ཚོད་སྐོར་བྱས་པར་གཞིགས་ཏེ། ལས་ཀའི་རྩིས་ཐོ་དང་ལས་འགན་གྱི་གསལ་ཐོ་བཟོས་པ་དང་། ནང་ཁུལ་གྱི་ཚོད་འཛིན་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ནས་ཚན་རིག་དང་ཁྲིམས་དང་མཐུན་པའི་དོ་དམ་མ་ལག་བཙུགས་ཡོད།
བསམ་པའི་འཕྲོད་བསྟེན་ཕན་བདེའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱ་ཆེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་པ་བརྒྱུད། ནད་པའི་དགོས་མཁོ་སྣ་ཚོགས་གཞིར་བཟུང་འཚོ་བའི་རྩལ་ནུས་དང་། སྤྱི་ཚོགས་འབྲེལ་འདྲིས་རྩལ་ནུས། ལས་རིགས་རྩལ་ནུས་སོགས་ཐད་ཀྱི་གསོ་སྦྱོང་རྣམ་གྲངས་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་ལ་ཚོགས་པ་འཛུགས་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བར་གཞོགས་འདེགས་བྱས་པ་དཔེར་ན། “གད་སྙིགས་ཕྱག་ནས་ཁྱིམ་གཞིས་གཙང་དུ་གཏོང”དང“སྤྲོ་སྣང་འཕེལ་བའི་བྱེད་སྒོ”སོགས་ལྟ་བུ། སྨན་པ་དང་ནད་པའི་དབར་ཕན་ཚུན་བརྩི་འཇོག་དང་། བསམ་ཤེས། ཡིད་ཆེས་བཅས་བྱེད་པར་སྐུལ་འདེད་ཀྱིས་ཕན་ཚུན་འབྲེལ་འདྲིས་ཡག་པོ་ཐུབ་པ་བཅས་བྱས་ཏེ། སེམས་ཁམས་བདེ་པོ་དང་ཐང་པོ་མེད་པའི་ནད་པར་ཞབས་འདེགས་ཞུ་བ་དེ་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆེད་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་སྔར་བས་ལྷག་པ་བཏང་ཡོད།
དེ་དང་ཆབས་ཅིག་ལྷ་ས་དམངས་སྲིད་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ཅུས་དང་ཁྲོམ་ར་ལྟ་འདོམས་ཅུས་གདན་དྲངས་ཏེ། ལྷ་ས་གྲོང་ཁྱེར་གྱི་བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཤིང་། མེ་ཟོན་སྒྲིག་བཀོད་དང་། གློག་རླངས་ཀྱི་སྐུད་ལམ། བཟའ་བཅའི་བདེ་འཇགས། མེ་དང་སྨན་སོགས་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་ཏེ་བྱེད་ཐབས་ཁག་གཏན་འབེབས་དང་མཐུན་པར་བྱས་ཡོད། བཅའ་སྡོད་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པར་གཞོགས་འདེགས་ཞུས་ཏེ། ཕན་བདེ་ཁང་གི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཉིན་ལྟར་ཞིབ་བཤེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་དང་། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་མཉམ་འབྲེལ་གྱིས་ལས་དོན་པ་ཡོངས་སྒྲིག་འཛུགས་བྱས་ཏེ། འཇིགས་སྐུལ་ལ་ངོ་རྒོལ་དང་གཏུམ་སྤྱོད་སྔོན་འགོག་གི་འཕྲལ་སྡོམ་ནང་སྦྱོང་བྱས་ནས་དམིགས་བསལ་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཐག་གཅོད་འཇོན་ཐང་ཆེ་རུ་བཏང་བ། རིག་ནུས་སྒོ་སྲུང་མ་ལག་སྒྲིག་སྦྱོར་བྱས་པ་སྟེ“གདོང་བཤེར”ནས་ཐོབ་ཐང་ར་སྤྲོད་བྱས་ཏེ། ལས་དོན་པ་དང་ནད་པ་འགྲོ་འོང་གི་དུས་ཚོད་ཐོ་འགོད་གནད་འཁེལ་བྱས་པས། ནད་པའི་གསང་དོན་དང་སྨན་ཁང་གི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པར་ཕན་པ་ཐོན་ཡོད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)