《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月17日

ཧྲང་ཧའེ་ཡིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱས་པ།

ཇོ་མོ་གླང་མའི་འདབས་ནས་འཕེལ་རྒྱས་ཀྱི་གཏམ་བཟང་ཡང་ཡང་གྲགས།

འདི་ནི་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་ཟུར་ཞིག་ཡིན་པ།

འདི་ནི་ཧྲང་ཧའེ་ཡི་བོད་སྐྱོར་གཙོ་གནད་རྣམ་གྲངས་ཏེ་ལྷ་རྩེ་རྫོང་གྲའུ་ཤང་འཇིགས་སྐྱོབ་གྲོང་ཚོའི་གཅིག་སྡུད་གནས་སྤོ་དང་གྲོང་གསེབ་དར་རྒྱས་རྣམ་གྲངས་ལེགས་གྲུབ་ཟིན་ནས་རྩིས་སྤྲད་རྗེས་མང་ཚོགས་ཁང་པ་གསར་པར་སྤོ་བཞིན་པ།

འདི་ནི། ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་སུའེ་མོང་སུང(གཡས་ཀྱི་དང་པོ)གིས་ས་གནས་དེ་གའི་མོ་ནད་ཚན་ཁག་གི་སྨན་པའི་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་གྱི་གསུས་ཤེལ་ལ་བརྟེན་ནས་བུ་སྣོད་ཡོངས་གཅོད་ཀྱི་གཤགས་བཅོས་ཐོག་མ་བྱེད་བཞིན་པ།

འདི་ནི། ཧྲང་ཧའེ་ཡིས་རོཌ་སྐྲུན་བྱས་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ་གྲོ་མོ་རྫོང་བང་མདའ་གྲོང་ཚོ་ཡིན་པ།

འདི་ནི། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་རྒྱལ་རྩེ་རྫོང་རོང་དམར་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ནང་ཡིན་པ།

འདི་ནི། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་སྡོད་ཁང་ཡིན་པ།

འདི་ནི་སྐུལ་འདེད་གཏོང་བཞིན་པའི་ཧྲང་ཧའེ་ཡི་བོད་སྐྱོར་གཙོ་གནད་རྣམ་གྲངས་ཏེ་ས་སྐྱ་རྫོང་ས་མཐོའི་ལི་གྲོ་ལས་རིགས་གསར་གཏོད་དང་ཐོན་ལས་ཅན་གྱི་དཔེ་སྟོན་ཁྱབ་གདལ་རྣམ་གྲངས་ཡིན་པ།

        “1995ལོའི་ཟླ་5ཚེས་17ཉིན། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་བོད་དུ་སྐྱོད་འགོ་བཙུགས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ད་བར་དུ་ཁྱོན་ཁག་ཐེངས་10ཡི་ལས་བྱེད་པ་903བོད་དུ་ལས་ཀ་བྱེད་པར་བཏང་ནས་ཧྲང་ཧའེ་དང་བོད་ལྗོངས་སེམས་མཐུན་གྱི་བོད་སྐྱོར་གཏམ་རྒྱུད་གང་མང་བརྩམས་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲེ་ཀྲང་གཞོན་པ་བཅས་ཡིན་པའི་ཧྥུང་དབྱི་ཧའོ་ཡིས་བཤད།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ།

ལོ་30རིང་། ཧྲང་ཧའེ་ཡིས“ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་དགོས་མཁོ། ཧྲང་ཧའེ་ཡི་ནུས་པ”བཅས་ཀྱི་བོད་སྐྱོར་རྩ་དོན་གཞིར་བཟུང་། “རིག་གནས་ཡུལ་སྐོར་གྱིས་སྣེ་ཁྲིད་དང་། ཐོན་ལས་གསུམ་མཉམ་འདྲེས། གྲོང་གསེབ་དར་རྒྱས། བློ་གྲོས་འདོན་པ”བཅས་ལས་ཀའི་བསམ་ཕྱོཌ་སུ་བྱས་པ་དང་། ས་གནས་དེ་གའི་ཐོན་ཁུངས་ཕུན་སུམ་ཚོཌ་པར་གཞི་ཚུགས་ནས། ཁྱད་ལྡན་ལེགས་ལྡན་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་པ་དང་། མཐའ་མཚམས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་ཡག་པོ་ཐོན་པ་རེད།

བང་མདའ་གྲོང་ཚོ་ནི་ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱས་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཡིན་ལ། ཧྲང་ཧའེ་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དུད་ཚང་99ཡི་མི་452ས་བབ་སྨི་4630ཡི་ས་ནས་བང་མདའ་གྲོང་ཚོར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་བཙུགས་པ་རེད།

2023ལོར“ཧྲང་ཧའེ་ནས་གཞིས་རྩེར་བསྐྱོད་པའི”བོད་སྐྱོར་ཡུལ་སྐོར་གཙང་གླས་གནམ་གྲུའི་ཐོག་མའི་འཕུར་སྐྱོད་བདེ་བླག་ངང་སྒྲིག་འཛུགས་བྱས་པ་དང་། 2024ལོར་ཡུལ་སྐོར་གཙང་གླས་གནམ་གྲུ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཞིང་། ནེ་པ་ལ་ལམ་ཐིག་ནང་བཅུག་ནས“ཧྲང་ཧའེ་ནས་ཀ་ཏ་མན་རྡུ། དེ་ནས་གཞིས་རྩེ”ཡི་ས་མཚམས་སྒྲོལ་བའི་ལམ་ཐིག་བཏོད་པ་རེད། 2023ལོའི་ལོ་མཇུག་བར་ཧྲང་ཧའེ་ཡིས་བོད་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་68.9བཀོད་སྒྲིག་དང་བོད་སྐྱོར་རྣམ་གྲངས་2115ལག་ལེན་བསྟར་ཡོད། ད་ལོ་མ་དངུལ་སྒོར་དུང་ཕྱུར་4.75བཀོད་སྒྲིག་བྱ་རྩིས་དང་རྣམ་གྲངས་80ལག་ལེན་བསྟར་རྩིས་ཡོད་པ་རེད།

ས་མཐོའི་སློབ་མར་ཕུགས་བསམ་གྱི་འོད་སྣང་སྦྱིན་པ།

1995ལོར་ས་གནས་དེ་གར་ཐོན་ཁུངས་ཁ་ཐང་བ་དང་། སློབ་གཉེར་ཆ་རྐྱེན་ཞན་པ། ཉལ་ཁང་དཀོན་པ་བཅས་ཀྱི་གནས་ཚུལ་དང་རྨང་གཞིའི་སློབ་གསོར་དམིགས་ནས། ཧྲང་ཧའེ་ཡིས་བོད་སྐྱོར་བྱེད་རིང“ཕུཌ་རེའི་འདུ་འགོད”རྣམ་གྲངས་གཙོ་བོར་བརྩིས་པ་དང་། མ་དངུལ་སྒོར་ཁྲི་1620.1བཏང་སྟེ་ས་གནས་དེ་གའི་རྨང་གཞིའི་སློབ་གསོའི་སྒྲིག་བཀོད་སྒྲིག་ཆས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་རྨང་གཞིའི་སློབ་གསོ་ཡོངས་ཁྱབ་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

2004ལོ་ནས་བཟུང་ཧྲང་ཧའེ་ཡིས་གཞིས་རྩེའི་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་འཛུགས་སྐྲུན་ལ་དམིགས་ཏེ་བོད་སྐྱོར་ལས་བྱེད་པ་ཁག་བཞི་པ་དང་། ཁག་ལྔ་པ། ཁག་དྲུག་པ་བཅས་ཀྱིས་བསྟུད་མར་འབད་འཐབ་བྱས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་གཞིས་རྩེའི་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་བཙུགས་ཏེ་བོད་ཀྱི་ལོ་བཅུ་གཉིས་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ་འབའ་ཞིག་ཏུ་གྱུར་པ་རེད།

བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་ནས་ཁག་བཅུ་པས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་དང་དེ་བཞིན་ཁ་གཏད་རྫོང་5ཡི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་རིམ་སྤོར་དང་། ཚོགས་པའི་སློབ་གསོ་ཧུར་ཐག་སྤེལ་བ། སློབ་གྲྭའི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། ཆ་འཕྲིན་ཅན་འཛུཌ་སྐྱོང་ལ་ཤུགས་སྣོན་། གསར་གཏོད་ལག་ལེན་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ། སློབ་གྲྭའི་དོ་དམ་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་འབྲེལ་བྱང་ཚད་སློབ་གསོའི་འདུ་ཤེས་གསར་པ་ཆགས་པར་བྱས་པ་རེད།

མང་ཚོགས་ཀྱི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ།

1994ལོར་ཧྲང་ཧའེ་བོད་སྐྱོར་སྨན་བཅོས་ལས་དོན་རུ་ཁག་ཁག་དང་པོས་ལྷ་སར་མ་དངུལ་སྒོར་ཁྲི་3600བཏང་ནས་རང་སྐྱོང་ལྗོངས་ཀྱི་འགོས་ནད་སྨན་ཁང་བཙུཌ་པ་དང་། ཧྲན་ཏུང་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་འབྲེལ་བྱས་ནས་གཞིས་རྩེའི་འཕྲོད་བསྟེན་སློབ་གྲྭ་བསྐྱར་སྐྲུན་བྱས་ཁར། ས་ཁུལ་གྱི་ལས་རིགས་ལག་རྩལ་གསོ་སྦྱོང་ལྟེ་གནས་དངོས་སུ་བཙུགས་པ་རེད།

སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་ཁག་གཉིས་པས་མ་དངུལ་སྒོར་ཁྲི་2103བཏང་ནས“བདེ་ཐང་འདུ་འགོད”ཁག་42བསྐྲུན་རྒྱུ་ཁག་དེའི་བོད་སྐྱོར་ལས་དོན་གྱི་ལྟེ་བར་བརྩིས་ཏེ། ས་ཁུལ་ཡོངས་ཀྱི་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྲུན་རྒྱུན་གཏན་ཅན་དུ་འགྱུར་བར་བྱས་ལ། སྨན་བཅོས་འཕྲོད་སྦྱོར་ཀུན་ཕན་ཅན་དང་སྟབས་བདེ་རང་བཞིན་ལ་སྔར་བས་སྐུལ་འདེད་ཀྱང་བཏང་བ་རེད།

བོད་སྐྱོར་ལས་བྱེད་པ་ཁག་མང་པོའི་འབད་བརྩོན་འོག 2018ལོའི་ཟླ་དང་པོར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་བདེ་བླག་ངང་བསྐྲུན་ནས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་རེད།

2015ལོའི་ཚུན། སྨན་བཅོས་ཤེས་ལྡན་པའི“ཚོཌ་སྒྲིག་རྣམ་པའི”བོད་སྐྱོར་རིམ་བཞིན་སྨན་བཅོས་བོད་སྐྱོར་གྱི་ལྟེ་བར་གྱུར་ཅིང་། བོད་ཀྱི་སྨན་བཅོས་ཆུ་ཚད་མཐོ་འདེགས་ལ་སྐུལ་འདེད་གཏོང་བའི་འགག་རྩར་ཡང་གྱུར་ཡོད། མིག་སྔའི་བར་ཧྲང་ཧའེ་ཡིས་ཁག་ཐེངས་དགུའི་སྨན་བཅོས་རིགས་གཅིག་མཁས་ཅན་190བོད་དུ་མངགས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ནང་ཞུགས་པ་རེད།