ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་མ་ཟད། སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་འཛུགས་པ་དང་། དུས་སྐབས་བཟང་པོར་གཅེས་སྤྲས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བརྩོན་ལེན་བྱེད་དགོས་པའི་ཐུགས་རེ་ཡང་གནང་ཡོད།
ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན་ཞིང་། དུས་རབས་གསར་པར་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོས་དུས་སྐབས་བཟང་པོར་གཅེས་སྤྲས་དང་། ཕུགས་བསམ་ཆེན་པོ་འཛུགས་པ། ཀུན་སྤྱོད་བཟང་པོ་འཇགས་པ། སློབ་སྦྱོང་ལ་འབད་བརྩོན་བྱེད་པ། ལུས་པོར་སྦྱོར་བརྡར་བྱེད་པ། ངལ་རྩོལ་གྱི་སྙིང་སྟོབས་གསོ་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་པར་འཚར་ལོངས་ཡོང་བའི་འབད་བརྩོན་བྱེད་དགོས།
མི་ལ་ཀུན་སྤྱོད་མེད་ན་རང་ཚུགས་མི་ཐུབ། ལོ་ཆུང་བྱིས་པ་ཚོས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་བརྟེན་ནས་རྩ་བ་གསོ་ཞིང་བློ་སྦྱོང་དང་བློ་སྒོ་འབྱེད་པ། ཆུང་དུས་ནས་རྒྱལ་ཁབ་དང་། མི་དམངས། མི་རིགས་བཅས་སྙིང་དབུས་སུ་འཇོག་པ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཙུགས་ནས་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་དགོས།
སློབ་སྦྱོང་མ་བྱས་ཚེ་ཤེས་རྒྱ་ཆེ་རུ་གཏོང་ག་ལ་ཐུབ། ལོ་ཆུང་བྱིས་པ་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་སློབ་སྦྱོང་བྱེད་པའི་ཕུགས་འདུན་ལ་བརྟེན་ནས་དཔེ་དེབ་ནང་གི་ཤེས་བྱར་སྦྱངས་བརྩོན་བྱེད་དགོས་ལ། སློབ་གསེང་ཤེས་བྱ་ཡང་མང་ཙམ་སྦྱོང་དགོས། ཤེས་ཡོན་སྦྱོང་འདོད་སྐོམ་པ་ཆུ་འདོད་ལྟར་ཡོད་པ་དང་། ཤེས་ཡོན་སྦྱོང་བའི་བརྩོན་འགྲུས་ལྡན་པ། གསར་གཏོད་བྱེད་ཕོད་པ། ལག་ལེན་བསྟར་ནུས་པ་བཅས་ཤེས་བྱ་སློབ་གཉེར་གྱི་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་བར་བྱས་ནས་ཁྱིམ་བདག་གི་རེ་བ་དང་ཏང་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས།
གཟུགས་གཞི་ནི་ཚེ་གང་གི་འབད་འཐབ་ལམ་ལྷོངས་ཡོང་མིན་གྱི་འགག་རྩ་ཡིན་པས། ལོ་ཆུང་བྱིས་པ་ཚོས་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་རིག་གིས་ཕྱུག་པ་དང་གཟུགས་གཞི་ཐང་པོ་ཡོང་བར་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས།
ལོ་ཆུང་བྱིས་པ་ཚོས་མཛེས་དཔྱོད་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། འཚོ་བའི་གོམས་གཤིས་ཡག་པོ་འཇགས་པར་བྱས་ཏེ་རིག་གནས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བླ་ན་མེད་པའི་བསམ་ཚུལ་སྐྱེད་སྲིང་དང་། བསམ་པ་བཟང་པོ་སྐྱེད་སྲིང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་པ་ཞིག་འཛུགས་དགོས་ལ། སེམས་པ་བཟང་བ་དང་། རྣམ་པ་མཛེས་པ། གཏམ་སྤྱོད་ལེགས་པ་བཅས་ཡོང་བར་འབད་བརྩོན་བྱེད་དགོས།
བདེ་སྐྱིད་ཐམས་ཅད་ངལ་རྩོལ་དང་གསར་གཏོད་ལས་བྱུང་བ་ཞིག་ཡིན་པས། ལོ་ཆུང་བྱིས་པ་ཚོས་རྒྱུན་དུ་ངལ་རྩོལ་དང་ལུས་སྦྱོང་ལ་ཞུགས་ནས་ངལ་རྩོལ་གཟི་བརྗིད་ཡིན་པའི་འདུ་ཤེས་འཛུགས་དགོས་པ་དང་། ངལ་རྩོལ་གོང་བཀུར་དང་ངལ་རྩོལ་ལ་བརྩི་འཇོག་བྱེད་དགོས། ངལ་རྩོལ་ནི་མཆོག་ཏུ་གྱུར་པ་དང་རབ་ཏུ་མཛེས་པ་ཞིག་ཡིན་པའི་གནས་ལུགས་ཤེས་པར་བྱེད་དགོས། དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ཏེ་རྒྱུན་ཆད་མེད་པར་འཇོན་ཐང་ཆེ་རུ་བཏང་ནས་ནར་སོན་རྗེས་རང་ཉིད་ཀྱི་ངལ་རྩོལ་དང་གསར་གཏོད་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས།
(ལྷ་དབང་དང་ལྷག་ཚེས་སྒྱུར་ཞུས་བྱས)