《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月14日

སྣང་བ་གྱ་གྱུ།

མེ་ཆར།

ལྗང་མདོག་རྩྭ་ཐང་སྟེང་དུ། །

དཀར་དམར་ཚོན་མདངས་བྱུགས་འདུག །

འཛུམ་དང་འཛུམ་གྱི་བར་དུ། །

སྣང་བ་སྐྱིད་ལ་འཁོད་སོང་། །

སྔོ་ལྗང་སྤང་ལྗོངས་གྲུ་བཞིར། །

མེ་ཏོག་སྣ་ལྔ་བཞད་འདུག །

དབྱར་གཞུང་སྐྱིད་པོའི་ཁྲོད་ནས། །

མཛེས་རིས་མཚོ་བཞིན་འཁྱིལ་སོང་། །

རང་བྱུང་མཛེས་སྡུག་རེ་ལ། །

ཡིད་ཀྱི་འཁྲེང་སེམས་རེ་རེ། །

དུས་ཀྱི་འགྱུར་ལྡོག་རེ་ལ། །

དྲན་པའི་ཡིག་ཆུང་རེ་རེ། །

དྲན་པའི་མཚོ་ཁར་བཞད་པའི། །

ཡིད་འོང་མེ་ཏོག་སེར་ཆེན། །

དྲི་བསུང་ཕྱོགས་བཞིར་མཆེད་དུས། །

ཡིད་ཀྱི་ངལ་དུབ་སེལ་སོང་། །

སྙིང་ཁར་བཞད་པའི་མེ་ཏོག །

མིག་ལ་མཛེས་པའི་རི་མོ། །

སྣང་བའི་ངོས་ལ་འཆར་ཡང་། །

ཡིད་ཀྱི་གཏིང་ལ་ཟུག་སོང་། །

དགའ་སྐྱོའི་སེམས་ཚོར་མང་པོ།

སེམས་དང་བསམ་པའི་མྱོང་བྱ། །

ལང་ཚོ་དབྱར་གྱི་མཛེས་པ། །

མིག་དང་ཡིད་ཀྱི་དགའ་སྟོན། །

བསིལ་འཇམ་རླུང་བུའི་རེག་བྱ། །

བར་མེད་ལུས་ལ་འཁྲིལ་དུས། །

ཚོར་ཤེས་སྐྱེན་པོའི་བར་ནས། །

ཚིག་གི་ཆར་པ་བབས་བྱུང་། །

དྲན་པ་སྟོང་པའི་དབྱིངས་སུ། །

ཚོར་བའི་རླུང་ཡན་ལྡང་དུས། །

ཚོར་སྣང་དབྱིངས་ལ་ཟུག་སྟེ། །

ཚངས་མགུར་ཐེངས་ཤིག་གྱེར་འདོད། །