《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月14日

གྲོ་མོ་རྫོང་བྱེ་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

ཀུ་ཤུ་བཏབ་ནས་མང་ཚོགས་ལ་འབབ་འཕར་ ཡོང་བར་རམ་འདེགས་བྱས་པ།

བྱེ་མ་གྲོང་ཚོ་ནི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་2800ཡོད་པས་རང་བྱུང་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད། གནས་འདིར་ཐུན་མོང་མ་ཡིན་པའི་ས་མཐོའི་ཀུ་ཤུའི་རིགས་ཏེ་གྲོ་མོའི་ཀུ་ཤུ་སྐྱེ་ཡི་ཡོད། གྲོ་མོའི་ཀུ་ཤུའི་རྡོག་པོ་ཅུང་ཆེ་ལ་བྲོ་བ་ཞིམ་པས། ས་གནས་དེ་གའི་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

ལོ་མང་རིང་། ལག་རྩལ་དང་དོ་དམ་མི་འདང་བ་སོགས་ཀྱིས་རྐྱེན་པས་ས་གནས་འདི་གའི་ཀུ་ཤུའི་སྡོང་པོའི་རྩ་བ་ཚབས་ཆེན་རུལ་བ་དང་། ཐ་ན་སོན་ཁུངས་སྟོངས་ཉེར་ཡོད་པའི་ཉེན་ཁ་འཕྲད་ཡོད།

འཕེལ་རྒྱས་ཀྱི་དཀའ་གནད་འདིར་དམིགས་ཏེ། 2023ལོ་ཚུན། བྱེ་མ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱི་ལས་དོན་རུ་ཁག་གིས་ལག་རྩལ་གསོ་སྦྱོང་ནས་འབྲས་ཤིང་འདེབས་གསོ་བར་གྱི་རྗེས་མཐུད་ལས་དོན་སྤེལ་ཏེ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གྲོ་མོའི་ཀུ་ཤུར་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་ཐོག་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད།

2023ལོའི་ཟླ་3པར། བྱེ་མ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱི་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས། གྲོ་མོའི་ཀུ་ཤུ་དོ་དམ་དང་འདེབས་འཛུགས་ལག་རྩལ་ནས་འགོ་བརྩམས་ཏེ་བྱེ་མ་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་བྱེད་པ་དང་། བརྟག་ཞིབ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ《གྲོ་མོ་རྫོང་བྱེ་མ་གྲོང་ཚོའི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད(2024ལོ་ནས་2030ལོ་བར)》བཟོས་ནས་སྒོ་རའི་དཔལ་འབྱོར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། དེ་རྗེས་ལས་དོན་རུ་ཁག་གིས་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་། མང་ཚོགས་ཀྱི་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ས་ཁོད་སྙོམས་པ་དང་། ཆུ་རྒྱག་པ། ས་སོབ་སོབ་བཟོ་བ་སོགས་བྱས་ནས་ཀུ་ཤུའི་སྦྱར་ག་རྒྱག་པའི་གྲ་སྒྲིག་བྱས་ཡོད།

ཟླ་བ་གསུམ་སོང་རྗེས། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་བྱེ་མ་གྲོང་ཚོར་ཐེངས་གཉིས་པ་ཡོང་སྐབས། འདེབས་གསོ་ཐུབ་པའི་ཀུ་ཤུའི་སྦྱར་ག་རྒྱག་པ་དང་སྔོ་ཚལ་སོན་སྣ་ཚོགས་ཁྱེར་ཡོད། འདེབས་འཛུགས་ལས་དོན་སྤེལ་རིང་། རིགས་གཅིག་མཁས་ཅན་ཚོས་ངོ་ཞུགས་འབད་སྒྲུབ་ཀྱིས་ངོ་ཐུག་གདོང་འཕྲད་ངང་མང་ཚོགས་ལ་སྦྱར་ག་རྒྱག་པའི་ལག་རྩལ་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། རྩ་བ་བཟོ་བཅོས་དང་ཡལ་ག་འབྲེག་པ་སོགས་ལག་རྩལ་གྱི་གནད་འགག་བརྒྱུད་ཁྲིད་བྱེད་པ། སྡོང་སོན་འདེབས་པའི་གཏིང་ཚད་དང་། བར་གསེང་། བར་ཐག་ལ་འགྲེལ་བཤད་ཞིབ་ཕྲ་རྒྱག་པ་བཅས་བྱས་ནས“གཅིག་སྦས་དང་། གཉིས་གནོན། གསུམ་འདེགས”བཅས་ཀྱི་འཛུགས་སྟངས་དམར་ཁྲིད་བྱས་ཡོད། མང་ཚོགས་ཀྱིས་རང་འགུལ་ངང་འདེབས་འཛུགས་རྩལ་ནུས་སྦྱངས་པ་དང་འདེབས་འཛུགས་བཀོལ་སྤྱོད་དངོས་ལ་ཧུར་ཐག་ཞུགས་ནས་ཀུ་ཤུའི་སྦྱར་ག་རྒྱག་སྟངས་སྦྱངས་ཡོད།

“རིགས་གཅིག་མཁས་ཅན་ལགས་ཁྱེད་ཚོ་སླར་ཡང་ཕེབས་བྱུང་། དེ་སྔོན་བཏབ་པའི་ཀུ་ཤུའི་སྡོང་པོ་ཚང་མ་གསོན་འདུག ད་ལྟ་སྦྱར་ག་རྒྱག་པའི་སྒང་ཡིན”ཞེས་2023ལོའི་ལོ་མཇུག་ཏུ། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་བྱེ་མ་གྲོང་ཚོར་ཐེངས་གསུམ་པ་ཡོང་སྐབས་བྱེ་མ་གྲོང་ཚོའི་བགྲེས་སོང་ཚེ་རྒྱལ་གྱིས་རང་འགུལ་ངང་མདུན་དུ་ཁ་ཡ་བྱེད་པར་ཡོང་། གྲོང་ཚོའི་ཀུ་ཤུའི་སྡོང་སོན་འདེབས་འཛུགས་དུད་ཚང་གི་མི་ཡང་གཅིག་རྗེས་གཉིས་མཐུད་ངང་མདུན་དུ་ཡོང་སྟེ་རིགས་གཅིག་མཁས་ཅན་ལ་ཀུ་ཤུའི་སྡོང་པོ་སྦྱར་ག་རྒྱག་པ་དང་དོ་དམ་ཐད་མཛུབ་ཁྲིད་བྱེད་པའི་རེ་བ་ཞུས་ཡོད།

རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་འདེབས་འཛུགས་དུད་ཚང་ལ་སྦྱར་ག་རྒྱག་དུས་ཡལ་ག་འདེམས་སྟངས་དང་འབྲས་ཤིང་གི་ཡལ་ག་འབྲེག་པ་སོགས་འདེབས་འཛུགས་ཀྱི་གཙོ་གནད་དཔེ་སྟོན་འགྲེལ་བཤད་བརྒྱབ་ཡོད།

“འབྲས་ཤིང་བཏབ་ནས་ལོ་མང་ཕྱིན་སོང་། གང་ཞིག་ནི‘སྡོང་གཞུང་གི་ལྕུག་ཕྲན’དང‘ལྕུག་ཕྲན་ནང་གི་ལྕུག་ཕྲན’ཡིན་པ་ད་ཆ་གཞི་ནས་ཤེས་བྱུང”ཞེས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་སྦྱར་ག་རྒྱག་བཞིན་པའི་འདེབས་འཛུགས་དུད་ཚང་སྤེན་པས་དགའ་ཚོར་ཆེན་པོས་བརྗོད་པ་དང་། ཁོང་གིས“ཡུན་རིང་མ་སོང་བར་གྲོ་མོའི་ཀུ་ཤུ་སོས་པ་བསྡུ་ཐུབ་པས་སྐབས་དེ་དུས་བྲིན་ཁ་རྒྱུག་པོ་ཡོང་ངེས་རེད”ཅེས་བརྗོད།

ལོ་གཅིག་ལྷག་ཙམ་རིང་། བྱེ་མ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱི་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དང་ཁག་བཅུ་གཉིས་པའི་མཐུན་སྦྱོར་ཧུར་ཐག་འོག རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་སྔ་རྗེས་སུ་བྱེ་མ་ཤང་དུ་ཐེངས་གསུམ་ཡོང་ནས། གྲོ་མོའི་ཀུ་ཤུའི་རིགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་ཀུ་ཤུར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་ཕྱིན་ཡོད།

བྱེ་མ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱི་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་འགན་འཁུར་བས། གོམ་སྟབས་རྗེས་མར་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ཀྱི་ལེགས་ཆ་མུ་མཐུད་འདོན་པ་དང་གཅིག་རྗེས་གཉིས་མཐུད་ངང་ཤུགས་བརྒྱབ་ནས། བྱེ་མ་གྲོང་ཚོའི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ལག་རྩལ་རྒྱབ་སྐྱོར་གྱི་ནུས་པ་ཡག་པོ་འདོན་པ་དང་། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་ཡག་པོ། ལས་ཀའི་རྒྱུན་མཐུད་རང་བཞིན་འགན་ལེན་བཅས་བྱས་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)