ལོ་30ཡི་རིང་། ཀོང་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཁག་བཅུ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཆིག་སྟོང་ཙམ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་134ལྷག་ཙམ་བཏང་ནས་རྣམ་གྲངས་900ལྷག་ཙམ་ལག་ལེན་བསྟར་ཞིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཤེས་ལྡན་པའི་ལག་རྩལ་མཐོར་གཏོང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཁྱབ་ཁོངས་ཁག་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཉིང་ཁྲི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1995ལོའི་སྒོར་དུང་ཕྱུར་2.9ནས་2023ལོའི་སྒོར་དུང་ཕྱུར་235.66བར་འཕར་བར་རོགས་རམ་བྱས་པ་དང་། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་ནང་སྐྱེས་སྒུལ་ཤུགས་དེ་བས་ཟབ་མོ་སྐྱེད་སྲིང་བྱས་པ། ཉིང་ཁྲིའི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་བ་བྱས་ཡོད།
ལེ་དབར་སྟོང་གི་ས་ཆར་ཡོང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཡངས་སུ་བཏང་བ།
ལོ་མང་རིང་། ཀོང་ཏུང་གིས་ཉིང་ཁྲིར་བོད་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་ལེགས་ཆའི་ཐོན་ལས་ཁྱུ་ཚོགས(འབྲི་གཡག)1དང་། ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག སྤོ་བོ་རྫོང་གི་ཤ་མོ་དང་ཇ་ལོ་བཅས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་2 མེ་ཏོག་རྫོང་མེ་ཏོག་གྲོང་རྡལ(ཇ་ལོ)དང་སྣང་རྫོང་སྣང་གྲོང་རྡལ(སུར་པན)སོགས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་6འཛུགས་གཏོད་བྱས་པ་རེད།
མཐའ་མཚམས་སུ་གནས་པའི་མེ་ཏོག་ཏུ། 2012ལོར་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཇ་སོན་ནང་འདྲེན་བྱས་ཏེ་ལོ་10ལྷག་ཙམ་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། རྫོང་ཡོངས་ཀྱི་ཇ་ཞིང་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.9ཟིན་པ་དང་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་512.58འཕར་བར་སྐུལ་ཁྲིད་བྱས་པས“ཇ་ལོ་ཆུང་ཆུང”དེ་ས་གནས་དེ་གའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“ཐོན་ལས་ཆེན་པོར”གྱུར་ཡོད།
ཁྱད་ལྡན་གྱི་ཞིང་འབྲོག་ལས་ཕུད། ཡུལ་སྐོར་ལས་རིགས་དེ་ཡང་ཉིང་ཁྲིའི་དཔལ་འབྱོར་གྱི་ཀ་རྟེན་ཞིག་ཡིན། དེར་བརྟེན་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཕྱོགས་གཅིག་ནས་བྲག་ཡིབ་ཆུས་ཀྱི་ཤུག་སྡོང་ཆེན་པོ་དང་། མེ་ཏོག་རྫོང་གི་སྒོར་སྒོར་ཐང་སོགས་མཛེས་ལྗོངས་ཁུལ་ལེགས་བཅོས་རིམ་སྤོར་དང་ཡུག་གཅིག་ཏུ་འབྲེལ་བས་གྲོང་ཁྱེར་ཡོངས་ཀྱིས་ཕྱི་ཕྱོགས་སུ་དངོས་སུ་གཉེར་སྐྱོང་བྱེད་པའི་མཛེས་ལྗོངས་ཁུལ་25ཟིན་རྒྱུར་རམ་འདེགས་བྱས་པ་དང་། 5Aརིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་དང་ཡར་ཀླུང་གཙང་པོའི་རོང་ཆེན“གཉིས་འདེད་འཁོར་ལོ”ལྟ་བུའི་རྣམ་པ་ཞིག་ཆགས་ཡོད།
རོགས་སྐྱོར་ཤུགས་ཆེན་བྱས་ནས་དམངས་འཚོའི་བདེ་རྩ་བརྟན་དུ་བཏང་བ།
ཀོང་ཏུང་གིས་བོད་སྐྱོར་ལས་དོན་ཐད“ཉིང་ཁྲིར་དབང་བ་དང་། ཉིང་ཁྲིར་མཁོ་བ། ཀོང་ཏུང་གིས་ལྕོགས་པ”བཅས་མཐའ་འཁྱོངས་བྱས་ནས་ལོ་30ཡི་རིང་ཉིང་ཁྲིའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་བཏང་བས་བདེ་སྐྱིད་ལྡན་པའི་ཉིང་ཁྲིའི་དམངས་འཚོའི་གདིང་གཞི་སྔར་བས་གསལ་དུ་ཕྱིན་ཡོད།
2023ལོའི་ལོ་མཇུག་བར། ཉིང་ཁྲིའི་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་7462ལས་བརྒལ་བ་དང་། ཚོང་ལས་ཚོང་དོན་གཉེར་ཡུལ་དང་། ལས་བྱེད་ལས་བཟོའི་གཞུང་ལས་དང་ལས་ཤག སྐྱེ་ཁམས་ཆུ་བེད་སྒྲིག་བཀོད་བཅས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་འཚོ་བ་སྔར་བས་སྟབས་བདེ་དང་ལེགས་སུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་དེ་དག་ནི་ཀོང་ཏུང་གིས་ལོ་30ཡི་རིང་རྒྱུན་ཆད་མེད་པར་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད།
སློབ་གསོའི་ཁྱབ་ཁོངས་སུ། ཀོང་ཏུང་ཞིང་ཆེན་གྱིས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོ་དང་། ཀོང་ཏུང་ཚོད་ལྟའི་སློབ་གྲྭ རྫ་ཡུལ་རྫོང་གི་བུ་བཅོལ་ཁང་སོགས་སློབ་གྲྭ་ཁག་གཅིག་རོགས་སྐྲུན་བྱས་པ་དང་། “ཀོང་ཏུང་གི་གྲགས་ཅན་སློབ་གྲྭ+”ཡི་གནད་སྨིན་རོགས་སྐྱོར་ཟབ་ཏུ་བཏང་ནས་རིམ་རྩིས་བྱས་ན་དགེ་རྒན་ལས་བཟོ་2471འདེམས་མངགས་ཀྱིས་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བ། “ཀོང་ཉིང་གི་ཤེས་ལྡན་པ་གསོ་སྐྱོང་གི་ཆེད་སྤྱོད་མ་དངུལ”གྱི་རྣམ་གྲངས་སྤེལ་ཏེ“རིག་ལྡན་སློབ་གྲྭའི”ལས་གྲྭ་ལག་ལེན་བསྟར་བ་དང“ཀོང་ཉིང་གི་སློབ་དཔྱོད་སློབ་ཁང་ཆེན་པོའི”བྱེད་སྒོ་སྤེལ་བ། ས་ཁོངས་སྒྲོལ་བའི་ཚོགས་པ་ཅན་གྱི་སློབ་གཉེར་འཚོལ་ཞིབ་བྱས་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཉིང་ཁྲིའི་སློབ་གསོའི་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་གཏོང་རོགས་བྱས་ཡོད།
སེམས་སྦྲེལ་ཟམ་པ་བསྐྲུན་ནས་མཉམ་འདྲེས་ལྟེ་གཅིག་སྒོར་མོ་ཆེ་རུ་བཏང་བ།
ཉེ་བའི་ལོ་5ཡི་རིང་། ཀོང་ཏུང་གིས་སྔ་རྗེས་སུ་ཉིང་ཁྲིའི་རིག་གནས་ལས་དོན་པ་40ལྷག་ཙམ་ཀོང་ཏུང་དུ་སློབ་སྦྱོང་ལ་སྒྲིག་འཛུགས་བྱས་པ་དང་། ཉིང་ཁྲིའི་ཁྱད་ལྡན་རིག་གནས་ཐོན་རྫས་ཀོང་ཏུང་དུ་འགྲེམས་ཚོགས་དང་བྱེད་སྒོ་ཁག་20ལྷག་ཙམ་ནང་ཞུགས་རྒྱུར་མཐུན་སྦྱོར་བྱས་པ། མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་ཟློས་གར《སྤོ་བོའི་གསར་བརྗེའི་ལོ་རྒྱུས》ཞེས་པ་སྒྲིག་བཟོ་བྱས་པ་མ་ཟད་ཀོང་ཀྲོའུ་རུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ། ཀོང་ཏུང་གི་སྒྱུ་རྩལ་ཚོགས་པ་ཁག་8སྒྲིག་འཛུགས་བྱས་ནས་ཉིང་ཁྲིར་རིག་རྩལ་འཁྲབ་སྟོན་བྱེད་པར་ཡོང་བ། ཉིང་ཁྲིའི་སྒྱུ་རྩལ་ཚོགས་པ་ཁག་12ཀོང་ཏུང་དུ་སྤེལ་རེས་འཁྲབ་སྟོན་ལ་བསྐྱོད་པ་བཅས་ལས་ས་གནས་གཉིས་ཀྱི་རིག་གནས་མཉམ་འགུལ་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་འདིར་དམ་པོར་དམིགས་ཏེ་ཀོང་ཏུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ཉིང་ཁྲིར་ལས་ཀ་དང་འཚོ་བ་འཕྲོད་པར་བྱས་ནས་ས་གནས་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཆ་སྒྲིག་དང་། ཆུས་དང་ཤང་ཆ་སྒྲིག སློབ་གསོ་ཆ་སྒྲིག སྨན་བཅོས་ཆ་སྒྲིག གླིང་ཁུལ་ཆ་སྒྲིག ཁེ་ལས་ཆ་སྒྲིག་བཅས་ལ་སྐུལ་འདེད་བཏང་བ་དང་། སློབ་གསོ་དང་། སྨན་བཅོས། ཞིང་ལས་ལག་རྩལ་བཅས་ཀྱི་རིགས་གཅིག་མཁས་ཅན་སོགས་སྒྲིག་འཛུགས་བྱས་ཏེ“གཅིག་གིས་གཅིག་འཁྲིད་པ་དང་གཅིག་གིས་མང་པོ་ཁྲིད”དེ་ཀོང་ཏུང་དང་ཉིང་ཁྲིའི་སློབ་གྲྭ་སྣ་ཚོགས་དབར་མཛའ་གྲོགས་སློབ་གྲྭའི་འབྲེལ་བ་168འཛུགས་རྒྱུར་སྐུལ་འདེད་བཏང་བས། ཆ་སྒྲིག་རོགས་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་དང་ཀོང་ཏུང་དང་བོད་ལྗོངས་ཀྱི་ལ་ཀླུང་བརྒལ་བའི་བརྩེ་བའི་མཐུན་སྒྲིལ་གཏམ་རྒྱུད་སྙན་པོ་ཞིག་བྲིས་ཡོད།