《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月12日

ཉེན་འགོག་ཉེན་གཡོལ་སྐོར་གྱི་བདེ་འཇགས་ཕྱོགས་སྟོན།

གཅིག ས་ཡོམ་གྱི་སྐོར།

ས་ཡོམ་རྒྱག་སྐབས་ཐག་ཉེ་སར་གཡོལ་བ་དང་ས་ཡོམ་རྒྱག་མཚམས་ཆད་རྗེས་མགྱོགས་མྱུར་ཕྱིར་དོན་དགོས།

ཁང་པའི་ནང་ས་ཡོམ་ལ་གཡོལ་ཐབས། འཕྲལ་མར་སྒྲོག་ཙེ་སོགས་ཀྱི་འོག་ཏུ་གབ་པ་དང་ཕོ་ཁེབས་དང་སྔས་མགོ་སོགས་ཀྱིས་མགོ་ལ་སྲུང་སྐྱོབ་བྱེད་དགོས།

ཕྱི་རོལ་གྱི་ས་ཡོམ་ལ་གཡོལ་ཐབས། འཛུགས་སྐྲུན་དངོས་པོ་དང་། གློག་སྐུད། བརྡ་ཁྱབ་བྱང་བུ། རི་བོ་སོགས་དང་བར་ཐག་རིང་ཙམ་བྱེད་པ་དང་མྱུར་དུ་ས་ཆ་གུ་ཡངས་སར་བྲོས་དགོས།

ཉེན་ཁའི་གནས་སུ་གྱར་སྐབས་ཐར་ཐབས་ཇི་ལྟར་བྱེད་པ། ལུས་ཤུགས་མི་རྫོགས་པར་བྱེད་པ་དང་། སྒྲ་གྲགས་ཐུབ་པའི་དངོས་པོར་རྡོ་གཞུས་ནས་སྐྱོབ་རེ་ཞུ་བའི་བརྡ་གཏོང་གང་ཐུབ་བྱེད་དགོས།

གཉིས། མེ་སྐྱོན་གྱི་སྐོར།

ཉེན་གཡོལ་འགྲོ་ལམ་གང་དུ་ཡོད་པ་ཤེས་པར་བྱེད་དགོས་ལ་མེ་འགོག་དང་དུ་འགོག་ཀྱང་བྱེད་དགོས།

མེ་ཆུང་ངུ་གསོད་ཐབས། གལ་སྲིད་མེ་ཁུངས་རྙེད་པ་མ་ཟད་མེ་ཆེན་པོ་མེད་ཚེ། མེ་གསོད་འཕྲུལ་ཆས་དང་མེ་ཁེབས་སོགས་སྤྱད་ནས་མེ་དུས་ཐོག་ཏུ་གསོད་ཆོག

མགྱོགས་མྱུར་ཕྱིར་དོན་པ། གློག་སྐས་ལ་མི་སྡོད་པ་དང་རྒྱུ་ནོར་ལ་མི་རྔམས་པར“བདེ་འཇགས་ཐོན་སྒོ”ནས་མགྱོགས་མྱུར་ཐོན་དགོས། གལ་སྲིད་ཁང་པ་མཐོ་པོ་མེད་ན། ཐག་པ(ཡང་ན་ཐན་ཙེ་དང་ཤེལ་ཡོལ་སོགས་མཐུད་རྒྱག་པ)ལ་འཁྱུད་ནས་ཉེན་གཡོལ་བྱས་ཆོག

དུ་ནག་ནས་གཡོལ་བ། ཉེན་གཡོལ་བྱེད་སྐབས་ཨ་ཅོར་རློན་པས་ཁ་དང་སྣ་བཀབ་སྟེ་སྒུར་སྒུར་བྱས་ནས་དོན་དགོས་པ་དང་། ཁང་པའི་ནང་དུ་ལུས་ཚེ་ཐན་ཚེ་རློན་པ་སོགས་ཀྱིས་སྒོའི་སྲུབས་ཀ་འགོག་དགོས་པ་མ་ཟད། དུས་ཐོག་ཏུ་སྐྱོབ་རེ་ཞུ་བའི་བརྡ་གཏོང་དགོས།

གསུམ། དྲག་ཆར་གྱི་སྐོར།

ཞོར་ཐོན་གནོད་འཚེ་སྔོན་འགོག་དང་ཕྱིར་སྐྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས།

སྔ་སྣུར་ནས་ཉེན་ཁར་གཡོལ་བ། ཁྱིམ་གྱི་སྒོ་རྩར་པང་ལེབ་བསླངས་ནས་ཁང་པའི་ནང་ཆུ་མི་འཛུལ་བར་བྱེད་དགོས་པ་དང་། གཤོང་ས་དང་། ལ་གཤམ། རི་མ་ཐང་གི་འོག ཆུ་འགྲམ་བཅས་སུ་གནས་པའི་མི་རྣམས་ཀྱིས་ཉེན་གཡོལ་གྱི་བཀའ་རྒྱ་འབྱོར་འཕྲལ་བདེ་འཇགས་ཁུལ་དུ་སྤོ་དགོས།

རྐང་འོག་ལ་གཟབ་གཟབ་བྱེད་པ། ཕྱིར་ཐོན་སྐབས་འཁྱིལ་ཆུ་ཆེ་སར་གཡོལ་དགོས་པ་དང་། ས་འོག་འགྲོ་ལམ་ནས་མི་འགྲོ་བ། ཆུ་ཁར་ཡ་ཡུད་མི་རྩེ་བ། ས་དོང་དང་ཁྲོན་པར་དོགས་ཟོན་བྱེད་དགོས།

རླངས་འཁོར་གཏོང་སྐབས་དོ་སྣང་བྱེད་པ། རླངས་འཁོར་གཏོང་སྐབས་ཆར་སྨུག་གློག་སྒྲོན་སྤར་ནས་དལ་བུར་འགྲོ་བ་དང་། འཁྱིལ་ཆུ་དང་རི་ཉིལ་སའི་ལམ་དུམ་ལ་གཡོལ་དགོས། གལ་ཏེ་གཤོང་སར་རླངས་འཁོར་གྱི་མེ་ཤི་ཚེ། རླངས་འཁོར་ལས་བབས་ཏེ་མཐོ་སར་བསྐྱོད་ནས་རོགས་སྐྱོབ་བྱེད་མཁན་སྒུག་དགོས་པ་ལས། རླངས་འཁོར་ནང་བསྒུགས་ནས་སྡོད་མི་རུང་།

བཞི། ཤྭ་འོད་དང་ཆུ་རུད་ཀྱི་སྐོར།

སྔོན་བརྡར་དོ་སྣང་བྱས་ནས་ཉེན་གཡོལ་གྱི་ཁ་ཕྱོགས་མི་འཛོལ་བ་དགོས།

སྔ་ལྟས་ལ་དོ་སྣང་བྱེད་པ། དྲག་ཆར་དང་། ཤྭ་འོད། ས་གཤིས་གནོད་འཚེ་བཅས་ཀྱི་སྔོན་བརྡར་དོ་སྣང་བྱས་ཏེ། ཉེན་གཡོལ་གྱི་འགྲོ་ལམ་ཡང་དག་འདེམས་དགོས་པ་དང་། ཐག་རིང་གི་རྦབ་རྡོ་འདྲིལ་བའི་སྒྲ་དང་ཤྭ་འོད་རྒྱུག་པའི་སྒྲ་སོགས་ལ་དོགས་ཟོན་དང་སྣང་བ་གཏོང་དགོས།

གཞོགས་གཉིས་ལ་བྲོས་པ། ཤྭ་འོད་དང་ཆུ་རུད་ཡོང་སའི་གཞོགས་གཉིས་ནས་རི་ལྡེབས་སུ་འཛེག་དགོས་པ་ལས། གྲོག་རོང་ཕྱོགས་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་དུ་བྲོས་མི་རུང་ལ་ཤྭ་འོད་དང་ཆུ་རུད་རྒྱུག་ས་ནས་འཕྲེད་བཅད་གཏོང་མི་རུང་།

ཉེན་ཆེའི་ས་ཆ་ལས་གཡོལ་བ། གཤོང་ས་དང་རི་ལྡེབས་གཡང་གཟར་གྱི་འོག་ཏུ་ཉེན་གཡོལ་བྱེད་མི་རུང་བར། ས་བཙན་ས་དང་ཅུང་སྙོམས་ཤིང་ཡངས་པའི་ས་ཆ་ནས་ཉེན་གཡོལ་བྱེད་དགོས།

ལྔ། རི་ཉིལ་བའི་སྐོར།

སྔ་ལྟས་ལ་དོ་སྣང་བྱས་ནས་གཞོགས་གཉིས་ལ་བྲོས་དགོས།

རི་ཉིལ་བའི་སྔ་ལྟས། གཡང་གཟར་ངོས་སུ་སེར་ཀ་གསལ་པོ་ཡོད་ཅིང་། ཉེ་ལམ་སེར་ཀ་དེ་རིང་དུ་དང་ཆེ་རུ་སོང་ཤུལ་ཡོད་པ་དང་། གཡང་གཟར་ངོས་ཀྱི་ཁང་པ་གས་པ་དང་ཡོ་འཁྱོག་ཡོད་པ། གཡང་གཟར་འོག་ཏུ་འདམ་བག་འཁྱིལ་ཤུལ་ཡོད་པ་དང་ཡང་སེ་བརྡིབས་པའི་ཤུལ་ཡང་ཡོད།

རི་གཟར་རྦབ་རྡོ། རྦབ་རྡོ་འདྲིལ་སྐབས་མགོ་ལ་སྲུང་སྐྱོབ་བྱས་ནས་གཞོགས་གཉིས་སུ་གཡོལ་དགོས་པ་ལས། རྦབ་རྡོ་འདྲིལ་བའི་ཕྱོགས་སུ་འགྲོ་མི་རུང་ལ་གཤོང་སར་ཡང་སྡོད་མི་རུང་།

(བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)