《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月12日

འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གིས།

“གཤམ་སྐྱོད་བཞིའི”བྱེད་སྒོ་སྤེལ་ནས་མང་ཚོགས་ལ་ བྱ་བ་དངོས་བསྒྲུབས་པ་དང་དྲོ་སྐྱིད་སྦྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གིས་གྲོང་ཚོར་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་། གྲོང་ཚོར་རིག་རྩལ་བྱེད་སྒོ་སྤེལ་བ། གྲོང་ཚོར་རོགས་སྐྱོར་བྱེད་པ། གྲོང་ཚོར་ཞབས་འདེགས་ཞུ་བ་བཅས་ཀྱི་བྱེད་སྒོ་སྤེལ་ནས། ཏང་དང་རྒྱལ་ཁབ་ཀྱི“གསུང་སྒྲ”བརྒྱུད་བསྒྲགས་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་བྱས་ཏེ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་སུ་ཚོར་ཐུབ་པ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤ་གསོས་ཤང་གི་སྨན་བཅོས་འགན་བཅོལ་གྱི་ཆེད་བསྐོས་ལས་བྱེད་པ་དང་མི་སྤྱི་ཅུས་ཀྱི་ཆེད་བསྐོས་ལས་བྱེད་པས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ། ཉེ་འགྲམ་གྱི་དཔེ་མཚོན་དང་ཟུང་འབྲེལ་དང་ཁ་གསལ་ཞིང་གོ་བདེ་བའི་སྐད་ཆའི་ཐོག་ནས་འགན་བཅོལ་ལ་ཞུགས་པའི་ཚད་གཞི་དང་། སྨན་རིན་རྩིས་ཞུའི་གོ་རིམ། དེ་བཞིན་ཐོབ་ཐང་ལོངས་སྤྱོད་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོགས་ལ་དྲ་ཐོག་དང་ས་ཡུལ་དངོས་སུ་གྲོན་དངུལ་འཇལ་རྒྱུ་དང་ཐོབ་ཐང་བདེན་དཔང་ར་སྤྲོད་བྱེད་རོགས་ཀྱང་བྱས་པ་རེད། ཤ་གསོས་ཤང་རིག་གནས་ས་ཚིགས་ཀྱིས་གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་ཏེ་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་། ཞབས་བྲོ་དང་། ལྷ་མོ། གླུ་གཞས་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ་རེད།