འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་གྲོང་སྡོད་ལས་བྱེད་ཁག་བཅུ་གསུམ་པས་བྱ་སྤྱོད་ཧུར་ཐག་སྤེལ་ནས“ཤར་གཤོག་གདོང་ལེན་པའི”ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས། “རིགས་པའི་གཞུང་ལུགས+”ཀྱི་གསར་གཏོད་བྱེད་སྟངས་ཐོག་ནས་སྒྲོག་འགྲེལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་ལས་བྱེད་པ་དང་མང་ཚོགས་དབར“སེམས་སྦྲེལ་ཟམ་པ”བརྟན་པོ་ཞིག་བསྐྲུན་ཡོད།
སྣ་མང་གཡུལ་ས་གཏོད་རྒྱུའི་ཐད་སྟག་རྩེ་ཆུས་ཀྱིས་སྒྲོག་འགྲེལ་གྱི་གཞི་རྟེན་དམངས་ཕན་ཅན་དང་ཆུང་ངུ་ཅན་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་གཏོང་བར་གཞོལ་བཞིན་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་། གྲོང་ཚོའི་ལོ་རྒྱུས་ཁང་། ཞིང་པའི་དཔེ་ཁང་སོགས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་པ་བརྒྱུད་ཁང་པའི་ནང་གི་སྒྲོག་འགྲེལ་ལས་སྟེགས་ལེགས་སྒྲིག་ཞིབ་ཚགས་བྱས་ནས་མང་ཚོགས་དང་ཉེ་བཅར་གྱི་སྒྲོག་འགྲེལ་ལས་སྟེགས་40ལྷག་ཙམ་བདེ་བླག་ངང་བསྐྲུན་ཡོད། དེ་ཙམ་མ་ཟད་ད་དུང་ཨར་ལས་བྱ་ཡུལ་དང་ཇ་ཁང་སོགས་མང་ཚོགས་འདུ་འཛོམས་བྱ་ཡུལ་དུ་སྒྲོག་འགྲེལ་བྱེད་ས་བསྐྲུན་ནས“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ”དང“རིགས་པའི་གཞུང་ལུགས་དང་གཏམ་རྒྱུད་ཟུང་འབྲེལ”སོགས་མང་ཚོགས་དང་འབྲེལ་འདྲིས་ཀྱི་སྒྲོག་འགྲེལ་རྣམ་པ་སྤྱད་དེ་མཉམ་འགུལ་རང་བཞིན་དང་དམིགས་ས་ཅན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གསར་གཏོད་བྱེད་སྟངས་དེས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་དེ་བཀའ་བཟང་གསོས་སུ་སྨིན་པ་ལྟར་མང་ཚོགས་ལ་ཁྱབ་གདལ་དང་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་དང་སྒྲོག་འགྲེལ་གཏིང་ཟབ་དང་ནུས་ལྡན་མངོན་འགྱུར་བྱུང་ཡོད།
སྒྲོག་འགྲེལ་གྱི་དཔུང་ཁག་རྒྱ་སྐྱེད་གཏོང་རྒྱུ་ནི་གཞི་རིམ་གྱི་སྒྲོག་འགྲེལ་ལ་གྲུབ་འབྲས་ཐོབ་པའི་འགག་རྩ་ཡིན། གྲོང་སྡོད་ལས་དོན་རུ་ཁག་གིས་གཞོགས་འདེགས་གང་ལེགས་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”དང་ལག་གདང་སྦྲེལ་ནས་ཕུལ་བྱུང་མང་ཚོགས་ཀྱི་སྒྲོག་འགྲེལ་པ་སྔོག་འདོན་བྱེད་པ་དང“ཚན་ཁག་གི་ཁོངས་མི་1དང་། གྲོང་སྡོད་ལས་བྱེད་པ་1 མང་ཚོགས་ཀྱི་སྒྲོག་འགྲེལ་པ་1བཅས་ཟུང་དུ་འབྲེལ་བའི”གཞི་རྩའི་སྒྲོམ་གཞིའི་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་ངུ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་རེད། མིག་སྔར་སྟག་རྩེ་ཆུས་ཀྱི་སྒྲོག་འགྲེལ་ཡན་ལག་རུ་ཁག་20ལྷག་ཙམ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། མང་ཚོགས་ཀྱི་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་གསུང་སྒྲ་གཞི་རིམ་དུ་ཁྱབ་པར་བྱས་པ་རེད།