《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月11日

བེད་མེད་འདམ་སྙིགས“མཆོག་ནོར”དུ་སྒྱུར་བའི་ཚན་རྩལ་མན་ངག

ལྷ་སར་ཡུལ་མིའི་ཁུལ་ཆུང་དང་སྤྱི་པའི་སྒྲིག་བཀོད་སོགས་ནས་ཕྱིར་འབུད་བྱས་པའི་བཙོག་ཆུ་ཉིན་ལྟར་གྲོང་ཁྱེར་གྱི་མདོང་དྲ་བརྒྱུད་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭར་སླེབས་ཀྱི་ཡོད། གཙང་གསིང་རབ་དང་རིམ་པ་བྱས་པ་བརྒྱུད། ཆུ་སྤུས་ཀྱི་ཚད་གཞི་ལོན་རྗེས་ཁག་གཅིག་རྩི་ཤིང་ལ་གཏོང་བ་དང་། ལམ་ངོས་སུ་གཏོར་བ། མིས་བཟོས་མཚེའུའི་ནང་འདྲེན་པ་སོགས་གྲོང་ཁྱེར་གྱི་དགོས་མཁོར་སྤྱོད་ཀྱི་ཡོད་པ་དང་། ཁག་གཅིག་སྐྱིད་ཆུར་གཏོང་གི་ཡོད། དེས་ན་བཙོག་ཆུ་དང་མཉམ་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭར་སླེབས་པའི་འདམ་སྙིགས་གང་དུ་གཏོང་གི་ཡོད་པ་དེའི་ཐད། ང་ཚོ་གསར་འགོད་པ་དང་མཉམ་དུ་འདམ་སྙིགས་དེ་དག“བེད་མེད་ནས་མཆོག་ནོར”དུ་གྱུར་པའི་ངོ་མཚར་ཆེ་བའི་བརྒྱུད་རིམ་ལ་ལྟ་བར་འགྲོ།

རྒྱུན་གཏན་གྱི་འཚོ་བའི་ནང་། སྔོ་ཚལ་བཀྲུ་བ་དང་། ཁ་ལག་བཟོ་བ། གཟུགས་པོ་བཀྲུ་བ་སོགས་ལས་གྲོང་ཁྱེར་གྱི་བཙོག་ཆུ་འབོར་ཆེན་ཐོན་གྱི་ཡོད། ཡུལ་མིའི་ཁང་པ་ཕུད་མགྲོན་ཁང་དང་གསོལ་མགྲོན་ཁང་དང་། ལས་ཁུངས་ཚན་པ། སློབ་གྲྭ ཚོང་ར་བཅས་ཀྱང་བཙོག་ཆུ་ཕྱིར་འབུད་བྱེད་མཁན་གཙོ་བོ་རེད། བཙོག་ཆུ་དེ་དག་གྲོང་ཁྱེར་གྱི་མདོང་དྲ་བརྒྱུད་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭར་འདུས་ཀྱི་ཡོད་པ་རེད།

“ང་ཚོས་ཉིན་ལྟར་བཙོག་ཆུ་འབོར་ཆེན་ཕྱིར་འབུད་བྱེད་ཀྱི་ཡོད། སྤྱིར་ན་བཙོག་ཆུར་ཆེད་ལས་ཀྱི་གཙང་གསིང་བྱེད་ཀྱི་ཡོད་ནའང་ཆུའི་ནང་གི་སྣུམ་ཞག་དང་། བྱེ་མ། སྐྱག་གཅིན་སོགས་ལ་གཙང་གསིང་གང་འདྲ་བྱེད་ཀྱི་ཡོད་དམ། འདམ་སྙིགས་དེ་དག་ནང་གི་ནད་འབུ་འབོར་ཆེན་གྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་སྲིད་དམ”རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པའི་གྲོང་ཁྱེར་གྱི་བཙོག་ཆུ་དང་འདམ་སྙིགས་གཙང་གསིང་ཐད་གྲོང་མི་ཧོང་ལགས་ལ་ཡ་མཚན་ཆེན་པོ་སྐྱེས་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འཚོ་བའི་བཙོག་ཆུའི་ནང་སྐྱེ་ལྡན་དངོས་རྫས་དང་ལྕི་བའི་ལྕགས་རིགས་འབོར་ཆེན་འདུས་ཡོད་པས། གལ་སྲིད་ཆེད་ལས་ཀྱི་གཙང་གསིང་མ་བྱས་པར་ཕྱིར་འབུད་བྱས་ཚེ་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་མ་ཟད། བཙོག་ཆུའི་ནང་གི་ནད་སྐྱེད་སྐྱེ་དངོས་ཕྲ་རབ་ཀྱིས་ད་དུང་འགོ་ནད་མཆེད་ནས་ཡུལ་མིའི་བདེ་ཐང་ལ་གནོད་འཚེ་བཟོ་སྲིད། ལྷ་སའི་བཙོག་ཆུ་གཙང་གསིང་བཟོ་གྲྭར་བཏང་རྗེས་རྙོག་འཛིང་ཆེ་བའི་གོ་རིམ་དྲུག་བརྒྱུད་ཆུ་སྤུས《གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་སྦགས་བཙོག་དངོས་རྫས་ཕྱིར་འབུད་ཚད་གཞི》(GB18918-2002)ཡི་རིམ་པ་དང་པོའི་Aཡི་ཚད་གཞི་ལོན་རྗེས་སྐྱིད་ཆུའི་སྨད་རྒྱུད་དུ་གཏོང་གི་ཡོད། བཙོག་ཆུ་གཙང་གསིང་བཟོ་གྲྭར་སྙིགས་གསིང་འབྱེད་རྗེས་ཀྱི་འདམ་སྙིགས་དག་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱིས་བོད་ལྗོངས་ལྗང་མདོག་སྐྱེ་ཁམས་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སིར་དབོར་གྱི་ཡོད་པ་རེད།

ཆུ་ཤུར་རྫོང་དུ་གནས་པའི་བོད་ལྗོངས་ལྗང་མདོག་སྐྱེ་ཁམས་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སི་ནས་གསར་འགོད་པས་དབུགས་རིལ་ནག་པོ་ཆེན་པོ་གསུམ་བཟོ་གྲྭའི་ལྟེ་གནས་སུ་བསླངས་པ་དང་། འཕྲུལ་འཁོར་ཚང་མ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་པ་མཐོང་བྱུང་ལ་ཟོག་འདྲེན་རླངས་འཁོར་གྱིས་བཟོ་གྲྭའི་ནང་འདམ་སྙིགས་ཚ་ཚ་འུར་འུར་ངང་དབོར་བཞིན་པ་མཐོང་བྱུང་།

“ང་ཚོས་རྒྱལ་ནང་གི་སྔོན་ཐོན་བཟོ་རྩལ་བརྒྱུད་རིམ་སྤྱད་ནས་གྲོང་ཁྱེར་གྱི་བཙོག་ཆུ་དང་འདམ་སྙིགས་གཙང་གསིང་བྱས་པས། སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས་འདམ་སྙིགས་སྦས་ནས་ས་ཆ་མང་པོ་བཟུང་བའི་གནད་དོན་ཐག་གཅོད་ཐུབ་ཡོད”ཀུང་སིས་ཉིན་ལྟར་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་དང་འདམ་སྙིགས་སྨི་རྒྱ་དཔངས་གྲུ་བཞི་90དང་སྲོག་ཆགས་ཀྱི་སྐྱག་གཅིན་སྨི་རྒྱ་དཔངས་གྲུ་བཞི་80གཙང་གསིང་བྱེད་ཐུབ་ཅེས་བོད་ལྗོངས་ལྗང་མདོག་སྐྱེ་ཁམས་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཁྲང་གིས་གསར་འགོད་པར་ངོ་སྤྲོད་བྱས།

ཧོ་ཁྲང་གིས། དྲོད་ཚད་མཐོན་པོའམ་ཡང་ན་དུག་སེལ་བྱེད་ཐབས་གཞན་དག་མ་སྤྱད་ན་གཙང་གསིང་བྱས་པའི་འདམ་སྙིགས་ནང་འབུ་ཕྲ་དང་། ནད་དུག གཞན་བརྟེན་སྲིན་འབུའི་སྒོ་ང་སོགས་འབོར་ཆེན་ཡོད། གལ་ཏེ་གཙང་གསིང་མ་བྱས་པར་ཕྱིར་འབུད་བྱས་ན་སྦགས་བཙོག་ཐེངས་གཉིས་པ་བཟོ་སྲིད་ཅེས་བཤད།

ལས་སྣོན་རིམ་པ་མང་པོ་བྱས་པ་བརྒྱུད། རུལ་དྲི་འཐུལ་བའི་འདམ་སྙིགས་དེ་དག་མེ་ཏོག་དང་རྩྭ་རྩི་ཤིང་འདེབས་འཛུགས་བྱེད་ཆོག་པའི་ས་ལུད་ལ་འགྱུར་གྱི་ཡོད། “ང་ཚོས་ས་ལུད་ནང་གི་སྐྱེ་ལྡན་དངོས་རྫས་ཀྱི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་ཏེ་སྐྱེ་ལྡན་དངོས་རྫས་ཀྱི་འདུས་ཚད་30%ཙམ་ཟིན་པ་འགན་ལེན་བྱེད་ཀྱི་ཡོད”ཅེས་ཧོ་ཁྲང་གིས་བཤད།

གསར་འགོད་པས་འདམ་སྙིགས་ཀྱིས་བཟོས་པའི་ས་ལུད་ཁུག་མ་གང་གི་ཁ་ཕྱེ་ཡང་རུལ་དྲི་ཁ་གི་མིན་འདུག ངོ་སྤྲོད་བྱས་པ་ལྟར་ན། ས་ལུད་དེ་དག་གི་ནང་ཏན་དང་ལིན་འདུས་ཡོད་ལ་ཅཱ་དང་ཀལ་སོགས་ཚད་ཉུང་མ་རྒྱུ་ཡང་འདུས་ཡོད་པས། ས་རྒྱུའི་ནང་གི་སྐྱེ་ལྡན་དངོས་རྫས་ཀྱི་འདུས་ཚད་མཐོ་རུ་དང་ས་རྒྱུ་གཤིན་དུ་གཏོང་ཐུབ་པས། ས་ཞིང་དང་། སྐྱེད་ཚལ་སྔོ་འགྱུར། སྤང་སོགས་བཏབ་རྒྱུར་འཚམ་པོ་ཡོད་པ་མ་ཟད། ད་དུང་ཤིང་སྡོང་དང་མེ་ཏོག་གསོ་བའི་ལུད་ཀྱང་བྱེད་ཆོག

གྲོང་ཁྱེར་གྱི་བཙོག་ཆུ་དང་འདམ་སྙིགས་ལ་མང་བ་དང་། རུལ་སླ་བ། བཞའ་ཚན་ཆེ་བ་སོགས་ཀྱི་གནད་དོན་མང་པོ་ཡོད། ད་ཆ། ཚན་རྩལ་ལ་བརྟེན་ནས་ལས་སྣོན་གཙང་གསིང་བྱས་པ་བརྒྱུད། བཙོག་ཆུ་དང་འདམ་སྙིགས་དྲི་ཅན་དེ་དག་མེ་ཏོག་དང་རྩྭ་རྩི་ཤིང་འདེབས་ཆོག་པ་དང་ས་རྒྱུ་གཤིན་དུ་གཏོང་བའི་ལུད་ལ་གྱུར་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཉིས་ཀ་ཐོན་གྱི་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)