1996ལོར་ཀན་སུའུ་ཡི་ཕོ་གསར་ཞེ་ཅུན་ཁྲེང་དམག་དཔུང་ནང་ཞུགས་པ་དང་། དཔུང་སྡེའི་སྦྱོང་བརྡར་བྱ་ཡུལ་ཆུ་ཤུར་རྫོང་ཚ་རགས་ཤང་དུ་ཡིན་ཞིང་། དཔལ་གླིང་གྲོང་ཚོའི་སེམས་རྩ་འཁོལ་བའི་གྲོང་མི་ཚོས་ཁོ་པར་བག་ཆགས་བཟང་པོ་བཞག་ཡོད། 2002ལོར་ཞེ་ཅུན་ཁྲེང་དཔལ་གླིང་གྲོང་ཚོར་བཅའ་སྡོད་སྦྱོང་བརྡར་བྱེད་སྐབས་བཟའ་ཟླ་ཟླ་བ་སྒྲོལ་དཀར་ཐོག་མར་ངོ་ཤེས་ཤིང་། དམག་དམངས་མཉམ་སྐྲུན་གྱི་བྱེད་སྒོ་ཐེངས་མང་སྤེལ་བ་བརྒྱུད་ཁོང་གཉིས་ཕན་ཚུན་འབྲེལ་བ་བྱེད་ཐེངས་རིམ་གྱིས་མང་དུ་སོང་ནས་ལས་འཕྲོའི་མདུད་པ་དམ་པོར་ཐེབས།
ཟླ་བ་སྒྲོལ་དཀར་གྱི་ནང་མི་ཚོས་ཞེ་ཅུན་ཁྲེང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “དང་ཐོག་ངའི་སྒྱུག་པོ་སྒྱུག་མོས་ང་དམག་ཞབས་ཐིམ་རྗེས་ཕ་ཡུལ་དུ་ལོག་ནས་ཟླ་བ་སྒྲོལ་དཀར་གཅིག་པུར་ལུས་ཀྱི་རེད་སྙམ་ནས་སེམས་ཁྲལ་བྱེད་ཀྱི་འདུག ཡིན་ནའང་ངས་བྱ་སྤྱོད་དངོས་ལ་བརྟེན་ནས་ཁོང་ཚོའི་ཡིད་ཆེས་ཐོབ་པ་བྱས་པ་ཡིན”ཞེས་ཞེ་ཅུན་ཁྲེང་གིས་གསར་འགོད་པར་བཤད།
གཉེན་སྒྲིག་བྱས་ནས་ལོ་20ལྷག་ཙམ་སོང་རིང་། ཞེ་ཅུན་ཁྲེང་དང་ཟླ་བ་སྒྲོལ་དཀར་རྒྱ་བོད་བཟའ་ཚོ་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་དཀའ་སྤྱད་འབད་བརྩོན་བྱས་ནས་གྲོང་མི་ཁྱིམ་མཚེས་ཚོའི་མིག་ནང་གི“དཔེ་བཟང་ཁྱིམ་ཚང”དུ་གྱུར་ཡོད། ཁྱིམ་མཚེས་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་ཁོང་གཉིས་ཀྱིས་ག་དུས་ཡིན་རུང་སེམས་རྩ་འཁོལ་པོས་རོགས་རམ་བྱེད་ཀྱི་ཡོད། ཁོང་གཉིས་ཀྱིས“གྲོང་པ་ཡག་པོ་ནི་ནོར་བུ་ལས་ལྷག”ཅེས་རྒྱུན་དུ་ཤོད་ཀྱི་ཡོད།
གཉེན་སྒྲིག་བྱས་པ་ནས་བཟུང་། ཞེ་ཅུན་ཁྲེང་དང་བཟའ་ཟླས་ཚོང་ཁང་དང་ཇ་ཁང་བཙུགས་ནས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ངུ་གཉེར་སྐྱོང་ཡག་པོ་བྱས་པ་ཕུད། ད་དུང་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་མི་སྤུན་མཆེད་ཚོ་མཉམ་དུ་ཕྱུག་པོ་ཆགས་ཐབས་ལ་བྲེལ། 2013ལོར་བཟའ་ཚོ་གཉིས་ཀྱིས་མ་དངུལ་སྒོར་ཁྲི་8རང་གྲབས་བྱས་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་གྲོང་མི་10ལྷག་ཙམ་གྱི་སྣེ་ཁྲིད་དེ་ས་ཕག་བརྒྱབ་ནས་ཡོང་འབབ་བསག་ཡོད།
2016ལོར་ཞེ་ཅུན་ཁྲེང་དང་ཟླ་བ་སྒྲོལ་དཀར་གྱིས་མ་དངུལ་སྒོར་ཁྲི་90ལྷག་ཙམ་བཏོན་ནས་གྲོང་ཚོའི་མཉམ་སྡེབ་ས་ཞིང་མུའུ་200བོགས་མར་བླངས་ཏེ་འདྲེ་ཚེར་མ་བཏབ་པ་དང་། ལོ་དང་པོ་ཁོ་ནར་ཉེ་འགྲམ་གྱི་གྲོང་མི་མང་པོ་ལས་ཞུགས་ཐུབ་པ་དང་གླ་ཕོགས་སྒོར་ཁྲི་35སྤྲད་ཡོད་པ་རེད།
“འདྲེ་ཚེར་མ་སྨིན་པའི་དུས་ནི་སྤྱིར་བཏང་ལོ་5ནས་ལོ་35བར་ཡིན་པས། 2016ལོར་བཏབ་པའི་འདྲེ་ཚེར་མར་སྤྱིར་ན་ཡོང་འབབ་གང་ཡང་བྱུང་མེད། འོན་ཀྱང་ང་དང་བཟའ་ཟླས་དཀའ་ངལ་ཇི་འདྲ་ཞིག་འཕྲད་རུང་གྲོང་མིར་གླ་ཕོགས་སྤྲོད་ཀྱི་ཡོད། ཐ་ན་རང་ཁྱིམ་གྱི་དཔལ་འབྱོར་ཡག་པོ་མེད་ནའང་ང་ཚོར་ཡིད་ཆེས་བྱེད་མཁན་གྱི་གྲོང་མིར་གྱོང་གཏན་ནས་གཏོང་མྱོང་མེད། གཉེན་སྒྲིག་བྱས་རྗེས་ངས་བྱ་བ་གང་ཞིག་ལས་པ་དང་ཡོང་འབབ་བྱུང་མིན་ཇི་ལྟར་ཡང་བཟའ་ཟླས་ཡིད་ཆེས་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཞེ་ཅུན་ཁྲེང་གིས་བཤད།
མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་གང་ལེགས་ཐུབ་ཆེད། ཞེ་ཅུན་ཁྲེང་གིས་འདྲེ་ཚེར་མ་འདེབས་འདོད་པའི་དུད་ཚང་15ཡི་མང་ཚོགས་ཚོར་རིན་པ་མི་དགོས་པར་འདྲེ་ཚེར་མ་འདེབས་སྟངས་བསླབས་པ་མ་ཟད། ཁོང་ཚོ་མི་རེར་ཉིན་ལྟར་གླ་ཕོགས་སྒོར་100སྤྲོད་ཀྱི་ཡོད། དུས་རྒྱུན་ཞིང་ལས་བྱེད་སྐབས་ཞེ་ཅུན་ཁྲེང་གིས་མ་སྐུལ་དང་བླངས་སྒོས་ཞིང་པར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱེད་པ་དང་། ཕྱུག་འགྱུར་ལམ་བུའི་ཐོག་རང་ཉིད་ལ་ཐོབ་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་དག་ཚང་མར་གླེང་གི་ཡོད། “ཉ་སྟེར་བ་དང་ཉ་འཛིན་སྟངས་སློབ་པའི”བྱ་སྤྱོད་ལས་གྲོང་མི་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
2018ལོར་ཞེ་ཅུན་ཁྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་ནས་བཟུང་ཞེ་ཅུན་ཁྲེང་ལ་ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་རུ་སོང་བའི་ཚོར་སྣང་བྱུང་ཡོད། ལྷ་སར་ཚོགས་འདུར་མ་ཞུགས་གོང་ཁོང་གིས་བརྟག་ཞིབ་གཏིང་ཟབ་དང་དམངས་ཀྱི་འདོད་བློ་ཉན་ནས་དམངས་ཆེད་སྐད་ཆ་ཤོད་པ་དང་གྲོང་མིའི་བསམ་ཚུལ་ཚོགས་རའི་ཐོག་ཤོད་ཀྱི་ཡོད།
“ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས་ཚང་མར་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས། ང་ཚོ་མཉམ་དུ་ལག་གདང་སྦྲེལ་ཚེ་ཐུན་མོང་འབྱོར་ཕྱུག་གི་མི་རིགས་མཐུན་སྒྲིལ་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་ཐུབ་ངེས་ཡིན”ཞེས་ཞེ་ཅུན་ཁྲེང་གིས་བཤད།