དབྱར་ཁ་འཆར་བ་དང་མཉམ་དུ་ལོ་གཅིག་དུས་གཅིག་གི་སློབ་ཐོན་དུས་ཚོད་ཀྱང་སླེབས་ཡོད། གསར་འགོད་པར་བོད་ཀྱི་ལས་གཏོད་གསོ་སྐྱོང་ལས་སྟེགས་མང་པོ་ནས་ཤེས་རྟོགས་བྱུང་བར། ལས་གཏོད་པའི་ཧུར་སེམས་ཤིན་ཏུ་ཆེ་བས་གསོ་སྐྱོང་གླིང་དུ་ཁང་མིག་གཅིག་ཀྱང་ལྷག་མེད་པ་དང་། ལས་ཞུགས་བྱེད་ཐབས་དང་ཐབས་ལམ་ཡང་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་ནས། བོད་ཀྱི་སློབ་གྲྭ་ཆེ་མོ་བ་སྔར་བས་མང་བ་ལས་གཏོད་ཀྱི“འགྲན་ལམ”ཐོག་སྐྱོད་བཞིན་ཡོད་པ་རེད།
ཐུམ་སྒྲིལ་རྒྱག་པ་དང་། སྒམ་ནང་བླུག་པ། སྐུར་བ་སོགས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་གཏོད་གསོ་སྐྱོང་རྟེན་གཞི་8848ཀྱི་ལས་གཏོད་གླིང་དུ། བོད་རིགས་གཞོན་ནུ་གནམ་ལྷ་ལས་ཀར་བྲེལ་བཞིན་ཡོད་ལ། ཧྲང་ཧའེ་ལས་གྲྭ་ལག་རྩལ་སློབ་ཆེན་ནས་ཐོན་པའི་ཁོང་ནི“སློབ་གྲྭ་ནས་ཐོན་མ་ཐག་འཕྲལ་མར་ལས་གཏོད་བྱས་པའི”ཚབ་མཚོན་ཞིག་ཡིན་པ་རེད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་གནམ་ལྷའི་ཕ་ཡུལ་ནག་ཆུའི་འབྲི་རུ་རྫོང་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་རེད། “སློབ་ཆེན་འགྲིམས་སྐབས། ངས་ཚོང་ཁང་ནང་དབྱར་རྩྭ་དགུན་འབུ་སྒྲིག་ཡོད་པར་དོ་སྣང་བྱུང” དགེ་རྒན་གྱི་ལྕག་སྐུལ་འོག གནམ་ལྷ་ཡིས་ཁྲོམ་རར་རྗེས་སྙེགས་བྱས་མཐར་ཕ་ཡུལ་གྱི་སྤུས་ལེགས་དབྱར་རྩྭ་དགུན་འབུ་ཧྲང་ཧའེ་ལ་འོས་སྦྱོར་བྱས་ནས་ཡོང་འབབ་ཁག་དང་པོ་དེ་བསགས།
སློབ་གྲྭ་ཐོན་རྗེས། གནམ་ལྷ་བོད་དུ་ལོག་ནས་ལས་གཏོད་བྱས། “ངས་དང་ཐོག་ལས་གཏོད་བྱེད་སྐབས་རང་ཉིད་ཀྱི་འབད་བརྩོན་བརྒྱུད། བོད་ཀྱི་འབྲོག་ཁུལ་གྱི་གདོད་མའི་རྣམ་པའི་གནོད་མེད་ཐོན་རྫས་དག་ས་མཐོ་ནས་ཕྱིར་འདོན་ཐུབ་ན་བསམས་བྱུང” ཉེ་བའི་ལོ་ཤས་རིང་། གནམ་ལྷ་ཡིས་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་པ་ཕུད། ད་དུང་དྲ་ཐོག་ཚོང་གཉེར་དང་ཐད་གཏོང་ཟོག་ཚོང་གི་ལས་སྒོ་ཡང་གཉེར་གྱི་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁོང་གི་སྨན་ཡུལ་དབྱར་རྩྭ་དགུན་འབུའི་ཐོན་ལས་དང་ཐད་གཏོང་རྟེན་གཞིས་གྲོང་ཚོའི་ཞིང་འབྲོག་དུད་ཚང་བཅུ་ཁྲག་ཁ་ཤས་ལ་འབབ་འཕར་སྐུལ་ཁྲིད་ཐེབས་ཡོད། “ན་ནིང་གི་ལས་གཉེར་ཡོང་འབབ་སྒོར་ཁྲི་3000ཙམ་ཟིན་པ་དང་། ད་ལོའི་ཟླ་5ཚེས་15ཉིན་ནས་བཟུང་ད་བར་སྒོར་ཁྲི་800ཡན་ཟིན་འདུག”
ལས་གཏོད་གསར་གཏོད་འགྲན་བསྡུར་ལ་ཉེན་ཡོད་མ་འཇོག་ཐེབས་རྩ་བཀུག་ནས་སྤུས་ལེགས་ལས་གཏོད་པར་སྤྱོད་གོ་ཆོད་པའི་མ་དངུལ་གྲབས་གསོག་ཐབས་ལམ་མཁོ་འདོན་བྱས་པ་དང་། ལས་གཏོད་གསོ་སྦྱོང་རྣམ་གྲངས་ཐོག་ཆེད་ལས་ལས་གཏོད་གསོ་སྦྱོང་དགེ་རྒན་གདན་དྲངས་ནས་སློབ་གྲྭ་ཆེ་མོ་བ་ཚོར་ཚོང་ལས་ཇུས་འགོད་དང་། ཁྲོམ་རར་བརྟག་ཞིབ། ལད་ཟློས་གཉེར་སྐྱོང་སོགས་ཐད་རིན་མེད་མཛུབ་ཁྲིད་བྱས་པ་དང་། ཁྲིད་སྟོན་སྲིད་ཇུས་བཟང་པོ་དང“མ་མ་རྣམ་པའི”ལས་གཏོད་ཟུར་ཁྲིད་སོགས་ལས་བོད་ལྗོངས་འདི་ཉིད་སློབ་གྲྭ་ཆེ་མོ་བའི་ལས་གཏོད་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གླིང་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་ནི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་གསོ་སྐྱོང་ལས་སྟེགས་ཐོག་མ་རེད། བར་མཐོངས་གཉེར་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ་བཀྲ་ཤིས་རྒྱ་མཚོས། མིག་སྔར་ཟླ་བ་རེར་ཆ་སྙོམས་སློབ་གྲྭ་ཆེ་མོ་བ་བརྒྱད་བརྒྱ་དགུ་བརྒྱ་ལྷག་ཙམ་གྱིས་ལས་གཏོད་སྐོར་བློ་འདྲི་བྱེད་ཀྱི་འདུག“མི་མང་པོ་ཞིག་གིས་སློབ་ཆེན་འགྲིམ་སྐབས་ཞོར་ལས་བྱེད་མྱོང་བས་ཉམས་མྱོང་ཡང་འདུག དང་ཐོག་ནས་འཆར་གཞི་བཀོད་འདུག” ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་པོས་ལས་གཏོད་བྱེད་ཀྱི་འདུག་ཅེས་ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པ་ཆོས་འཕེལ་གྱིས་བཤད།
ཕ་ཡུལ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་ཡིན་པའི་ལྷག་པ་བསྟན་འཛིན་སློབ་ཆེན་ཐོན་རྗེས་ཧྲང་ཧའེ་ཡི་དར་སྲོལ་ཚོང་ཁང་ཞིག་གི་ལས་མི་བྱས་ནས་བསྡད་མྱོང་། “ཚོང་ཁང་ནང་དུ་དར་སྲོལ་གྱོན་ཆས་དང་ཀོག་ཧྥེ་སོགས་ལས་སྒོ་སྣ་ཁ་མང་པོ་ཡོད་པས་ངས་ཀྱང་ལས་གཏོད་ཀྱི་འདུ་ཤེས་གསར་ཤོས་མང་པོ་ཤེས་བྱུང” ན་ནིང་གི་ཟླ་གསུམ་པར། ཁོང་ལྷ་སར་ལོག་ནས་ཀོག་ཧྥེའི་སྤུས་རྟགས་མཚོན་རྟགས་ཇུས་འགོད་བྱས། ཇུས་བཀོད་དེ་གླིང་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་ཀྱི་རི་རྒྱུད་ཀུན་གཏོད་ཀོག་ཧྥེ་ཁང་དུ་གྲུབ་འབྲས་ཐོབ་པའི་ངང་དོན་འཁྱོལ་ཐུབ་ཡོད་པ་རེད།
“ལས་གཉེར་བྱས་ནས་ལོ་1ནང་ལས་གཉེར་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད”“ཀོག་ཧྥེ་ཁང་འདི་ཉིད་ལས་གཏོད་པའི་སྤེལ་རེས་ལས་སྟེགས་ཤིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷག་པ་བསྟན་འཛིན་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་དུ། ལྷ་ས་གྲོང་ཁྱེར་གླིང་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་ཀྱིས་ལས་གཏོད་ཁེ་ལས་134གྲུབ་འབྲས་ཐོབ་པའི་ངང་གསོ་སྐྱོང་བྱས་ཡོད། ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་དང་། རིག་གནས་བློ་གསར་ཐོན་རྫས། བཟའ་བཏུང་ཀོག་ཧྥེ་སོགས་སློབ་གྲྭ་ཆེ་མོ་བ་ཚོས་ལས་གཏོད་ཀྱི་འདུ་ཤེས་དེ་བོད་ཀྱི་ཁྱད་ཆོས་དང་འཛད་སྤྱོད་ཀྱི་དགོས་མཁོར་ཟུང་འབྲེལ་དམ་ཟབ་བྱས་ནས་གསར་གཏོད་ལས་གཏོད་བྱེད་ཀྱི་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན། (དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)