2023ལོའི་ཟླ་12ཚེས་8ཉིན། 2023ལོའི་ཡོན་ཧྲིར་བདམས་པའི་སློབ་སྦྱོང་སློབ་གསོ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཀྲུང་གོ་བཟོ་སྐྲུན་ཁང་དུ་འཚོགས་ཤིང་། ཉི་མ་བཀྲ་ཤིས་ཀྱིས་ཡོན་ཧྲི་གཞན་དག་73དང་མཉམ་དུ་ཡོན་ཧྲིའི་ལག་ཁྱེར་བླངས་པ་རེད།
གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི་འཐུས་མི་ཡིན་པའི་ཉི་མ་བཀྲ་ཤིས་ཀྱིས་ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས། “བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ཁྲོད་དར་རྒྱས་གོང་འཕེལ་ཕྱིན་པ་དང་བསྟུན་ནས་རང་ཉིད་ལའང་བུ་བཅོལ་ཁང་ནས་འབུམ་རམས་པའི་བར་གྱི་དེང་རབས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་བཟང་པོ་ཐོབ་བྱུང་། དེའི་དབང་གིས་ངས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ། སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་བགྲང་བྱ་35ཡི་སློབ་ཁྲིད་ཚན་ཞིབ་ཀྱི་ལས་ཀ་བྱས་པ་ཡིན”ཞེས་བརྗོད།
ལོ་35ཡི་རིང་ཉི་མ་བཀྲ་ཤིས་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སློབ་གཉེར་ལ་དགའ་ཞེན། ཚན་ཞིབ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་བྱས་ཤིང་།
མི་ཚང་མར་ཆ་འཕྲིན་ཅན་ལས་བྱུང་བའི་སྟབས་བདེའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་ཉི་མ་བཀྲ་ཤིས་ཀྱི་བབ་ཆགས་པའི་བསམ་འདུན་ཞིག་རེད། ཁོང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་འདི་ཉིད་ཉི་འོད་དང་འདྲ་བར་མི་དེ་བས་མང་བར་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། མ་ལག་དང་པོ་དེ་བཏོན་པ་ནས་ད་བར་ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་གསར་སྤེལ་བྱས་པའི་བོད་ཡིག་ཆ་འཕྲིན་ཅན་གྱི་མཉེན་ཆས་ཚང་མར“ཉི་འོད”ཞེས་མིང་བཏགས་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སློབ་ཁྲིད་ལས་གནས་སུ་ལོག་རྒྱུའི་རེ་འདུན་ཞུས་ནས“སློབ་ཁྲིད་དང་ཚན་ཞིབ་གལ་ཆེ་མཉམ་དུ་འཛིན་པ”
གཟི་བརྗིད་དང་ཐོབ་ཐང་གང་འདྲ་ཞིག་ཐོབ་རུང་ཉི་མ་བཀྲ་ཤིས་ཀྱིས་རང་ཉིད་ནི་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་གི་ཡོད་པ་དེ་ནི་ཁོང་གི་ཚན་ཞིབ་ཀྱི་རྨང་གཞི་ཡིན།
ཡོན་ཧྲིར་བདམས་རྗེས་ཉི་མ་བཀྲ་ཤིས་ཀྱི་ལས་ཀ་དེ་བས་མང་དུ་དང་ལས་འགན་ཡང་དེ་བས་ལྕི་རུ་ཕྱིན་ཡོད་མོད། འོན་ཀྱང་ཁོང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་དང་པོའི་སློབ་ཁྲིད་ཀྱི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བློས་མ་བཟོད་པར་དངོས་གཞིའི་ཚན་ཁག་གི་སློབ་མའི་སློབ་ཁྲིད་ལས་གནས་ཐོག་སྔར་བཞིན་སློབ་ཁྲིད་བྱེད་བཞིན་ཡོད།
“རང་རྒྱལ་འདི་ཉིད་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ནང་སྔ་ཕྱི་བར་གསུམ་དུ་སྔོན་ཐོན་གྱི་གནས་བབ་ཐོག་གནས་དགོས་ན་ཤེས་ལྡན་པ་འབོར་ཆེན་གྲབས་གསོག་བྱེད་དགོས”ཞེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས་ཚན་རིག་གི་རྩེ་མོར་འཛེགས་པར་མི་གཅིག་ལ་བརྟེན་ན་མི་འགྲིག་པར་མི་མང་པོར་བརྟེན་དགོས། དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ནི་རྨང་གཞི་འདིང་བ་ཞིག་ཡིན་པས། རྨང་གཞི་བརྟན་པོ་བཏིང་ན་གཞི་ནས་རྩེ་མོར་འཛེགས་པའི་ལམ་བརྟན་པོ་ཞིག་བཏོད་ཐུབ་པ་གསལ་པོར་ཤེས་ཀྱི་ཡོད།
རྩིས་འཁོར་ཆེད་ལས་ནི་སློབ་གྲྭ་གཉེར་སྐྱོང་བྱས་ནས་བགྲང་བྱ་73སོང་བའི་བོད་ལྗོངས་སློབ་ཆེན་གྱི་ངོས་ནས་བརྗོད་ན། དེ་ནི་ཆེད་ལས་གསར་པ་ཞིག་རེད། 1988ལོར་ཉི་མ་བཀྲ་ཤིས་བོད་ལྗོངས་སློབ་ཆེན་དུ་ཞུགས་སྐབས་རྩིས་འཁོར་སློབ་དཔྱོད་ཁང་དེ་རྩིས་རིག་ཚན་ཁག་གི་ཁོངས་སུ་གཏོགས་པ་དང་། དེ་ཡང་རྩིས་རིག་ཚན་ཁག་དང་དངོས་ལུགས་ཚན་ཁག་གི་སློབ་མ་ཁོ་ནར་རྩིས་འཁོར་སློབ་ཚན་བཀོད་སྒྲིག་བྱེད་ཀྱི་ཡོད། 1994ལོར་བོད་ལྗོངས་སློབ་ཆེན་གྱིས་རྩིས་འཁོར་ཆེད་ལས་ཀྱི་མཐོ་རིམ་ལས་རིགས་ཀྱི་ཆེད་ཚན་འཛིན་གྲྭ་སྐབས་དང་པོར་སློབ་མ་བསྡུ་འགོ་ཚུགས།
ད་ཆ་དགེ་རྒན་ཚང་མའི་འབད་བརྩོན་འོག་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་ཆེད་ལས་མེད་པ་ནས་ཡོད་པའི་བར་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་གྱི་ཅུང་ཆ་ཚང་བའི་ཤེས་ལྡན་པའི་གསོ་སྐྱོང་མ་ལག་རགས་ཙམ་ཆགས་ནས་བོད་ཀྱི་འཕེལ་རྒྱས་ལ་རིམ་པ་མང་བའི་ཆ་འཕྲིན་ལག་རྩལ་གྱི་ཆེད་ལས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།
“མི་རབས་རེར་མི་རབས་རེའི་འགན་འཁྲི་ཡོད་ཅིང་། ལོ་རྒྱུས་ཀྱི་དབྱུག་པ་ཁྱེད་ཚོའི་ལག་ཏུ་ཡོད་པས། ཁྱེད་ཚོས་དཔའ་ངར་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་འགན་ལྕི་པོ་ཁུར་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”དེ་ནི་ཉི་མ་བཀྲ་ཤིས་2019ལོར་གདན་ཞུས་ལྟར་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་མཛད་སྒོར་ཞུགས་རྗེས་སློབ་གྲྭར་ལོག་ནས་སློབ་མ་ཚོར་མྱོང་ཚོར་མཉམ་སྤྱོད་བྱེད་སྐབས་གསུངས་པའི་སྐད་ཆ་ཞིག་རེད།
ཚོགས་པའི་ཁོངས་མི་ཚང་མར་གཅེས་སྐྱོང་གང་ལེགས་བྱས་ནས“རོགས་རམ་བྱེད་གང་ཐུབ་བྱས་པ”
རིན་ཆེན་དོན་གྲུབ་ནི་ཉི་མ་བཀྲ་ཤིས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་གསུམ་པ་དེ་ཡིན་ཞིང་། ད་ཆ་ཁོང་ཡང་ཉི་མ་བཀྲ་ཤིས་ཀྱི་ཚན་ཞིབ་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཏུ་གྱུར་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་གནའ་གཞུང་ཡི་གེ་དབྱེ་འབྱེད་བྱ་རྒྱུ་དེ་རེད། རབ་འབྱམས་ཞིབ་འཇུག་སློབ་མ་བྱེད་རིང་བོད་སྐད་ཆ་འཕྲིན་ཐག་གཅོད་འདུ་འགོད་གཙོ་སྦྱོང་བྱེད་མཁན་རིན་ཆེན་དོན་གྲུབ་ཀྱིས་རྟག་ཏུ་རིག་གཞུང་ཚོགས་འདུ་སྣ་ཚོགས་ཐོག་ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་གནང་བའི་ཞིབ་འཇུག་གྲུབ་འབྲས་མཐོང་གི་ཡོད། སྔོན་ཐོན་གྱི་ལག་རྩལ་དེ་དག་ལ་རིན་ཆེན་དོན་གྲུབ་ཀྱིས་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད།
འབུམ་རམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་སྐབས། རིན་ཆེན་དོན་གྲུབ་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བོད་ལྗོངས་སློབ་ཆེན་བདམས་ཤིང་། དེ་རྗེས་བོད་ལྗོངས་སློབ་ཆེན་དུ་ཞུགས་མ་ཐག་པའི་རིན་ཆེན་དོན་གྲུབ་དགའ་མགུ་ཡི་རངས་ངང་ཉི་མ་བཀྲ་ཤིས་ལ་བག་ཆགས་ཡག་པོ་འཇོག་བསམས་ནས་ཉིན་གང་བོར་ཚོད་ལྟ་ཁང་དུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། དེ་དུས་ལྷ་སར་ཉི་མ་ཧ་ཅང་ཚ་བའི་ཁར། སློབ་ཚན་མང་བས་ཕྱི་ལ་འགྲོ་ལོང་མེད་པར་བརྟེན། རིན་ཆེན་དོན་གྲུབ་ཀྱིས་ཉི་འགོག་གྱོན་གོས་ཤིག་བརྗེ་པོ་མེད་པར་ཡུན་རིང་པོར་གྱོན། ཉིན་ཞིག་ཉི་མ་བཀྲ་ཤིས་ཀྱིས་ཁོ་རང་གཅིག་པུ་གཞུང་ལས་ཁང་དུ་བོས་ནས“འཚོ་བའི་ཐད་དཀའ་ངལ་གང་ཡོད་དམ། ཁྱིམ་ནས་ཟླ་རེར་ཁྱེད་ལ་དངུལ་ག་ཚོད་སྐུར་གྱི་འདུག་གམ། ངས་ཁྱེད་ལ་ཁ་གསབ་ཏོག་ཙམ་སྤྲོད་དགོས་ཀྱི་འདུག་གམ”ཞེས་བཤད། ཉི་མ་བཀྲ་ཤིས་ཀྱིས་རིན་ཆེན་དོན་གྲུབ་ཀྱི་ཁྱིམ་ཚང་དབུལ་ཕོངས་རེད་སྙམ་ནས་རོགས་རམ་བྱེད་བསམས་པ་རེད།
ཚོགས་པའི་ཁོངས་མི་ཝང་ཁྲའོ་ནི་ཧྲན་ཏུང་ནས་ཡིན་པ་དང་གྲོ་ཟས་ཟ་རྒྱུར་དགའ་པོ་ཡོད། ཐོག་མར་ལྷ་སར་སླེབས་སྐབས་ཁོང་ཚོ་ས་མཐོའི་འཚོ་བར་གོམས་པར་བྱ་ཆེད། ཉི་མ་བཀྲ་ཤིས་ཀྱིས་རྟག་ཏུ་ཁོང་ཚོ་དང་མཉམ་ཟ་མཉམ་བཏུང་བྱེད་ཀྱི་ཡོད། ཐེངས་ཤིག་ལ་ཉི་མ་བཀྲ་ཤིས་ཡར་ལངས་ནས་ཕྱི་ལ་སོང་བ་དང་ཅུང་མ་འགོར་བར་མོག་མོག་སྡེར་མ་གང་ཁྱེར་ཡོང་ནས་ཝང་ཁྲའོ་ཡི་མདུན་དུ་བཞག “ངས་བལྟས་ན་ཁྱེད་རང་འབྲས་ཟ་རྒྱུར་དགའ་པོ་མི་འདུག ཤོག མོག་མོག་ཅིག་ཟོ་དང་། གྲོད་ཁོག་རྒྱགས་ན་གཞི་ནས་ལས་ཀ་བྱེད་པར་སྟོབས་ཤུགས་ལྡན་ངེས་རེད”ཅེས་བཤད།
“མི་ཡུལ་ལུང་པར་གནས་ཀྱང་ང་ལ་ཡུལ་པོའི་སྣང་བ་མི་འདུག”ཅེས་མོག་མོག་གི་སྐོར་ཕྱིར་དྲན་བྱེད་བཞིན་ཝང་ཁྲའོ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཚོགས་པའི་ཁོངས་མི་རྣམས་ཀྱིས་གནས་ཚུལ་དེའི་སྐོར་གླེང་སྐབས་ཉི་མ་བཀྲ་ཤིས་ཀྱིས“རེད་པས། ངས་དྲན་གྱི་མི་འདུག འོན་ཀྱང་ང་ནི་སྣེ་ཁྲིད་པ་ཡིན་པས་རོགས་རམ་བྱེད་གང་ཐུབ་བྱེད་དགོས”ཞེས་བརྗོད།
ལས་ཀ་དང་འཚོ་བ་གཉིས་ཀར་དགའ་ཞེན་བྱས་ནས“ངའི་ལས་ཀའི་ཆེད་དུ་ནང་མི་ཚོར་སེམས་ཁྲལ་བཟོ་གི་མིན”
སྤྱིར་ན་ལས་བྲེལ་ཆེ་ཡང་ཉི་མ་བཀྲ་ཤིས་ནང་མི་དང་མཉམ་དུ་སྡོད་པའི་གོ་སྐབས་ཉུང་ཉུང་མ་རེད། ཡོན་ཧྲིར་བདམས་ཐོན་བྱུང་རྗེས་ཉི་མ་བཀྲ་ཤིས་ཞུགས་པའི“རྟེན་འབྲེལ”བྱེད་སྒོ་འབའ་ཞིག་ནི་ནང་མི་དང་མཉམ་དུ་ལྟོ་ཆས་ཐེངས་ཤིག་བཟས་པ་དེ་རེད།
ཉི་མ་བཀྲ་ཤིས་ཀྱི་བཟའ་ཟླ་གཡང་སྒྲོན་ནི་ཁོང་གི་སློབ་ཆེན་སློབ་གྲོགས་ཡིན་ཞིང་། སློབ་གྲྭ་ཐོན་རྗེས་མཉམ་དུ་བོད་ལྗོངས་སློབ་ཆེན་དུ་ལས་ཀ་བྱས་པ་དང་དེ་རྗེས་གཉེན་སྒྲིག་བྱས་པ་རེད། གཉེན་སྒྲིག་བྱས་ནས་ལོ་30ལྷག་ཙམ་གྱི་རིང་། འཚོ་བའི་ཁྲོད་ཁོང་གཉིས་ནི་བརྩེ་དུང་གིས་ཕྱུག་པའི་བཟའ་ཟླ་དང་། ལས་ཀའི་ཁྲོད་སེམས་མཐུན་གྱི་གྲོགས་པོ་ཡག་པོ་ཞིག་ཡིན་ལ། ཕན་ཚུན་དབར་རྒྱབ་སྐྱོར་བྱེད་པའི་འཐབ་གྲོགས་ཡག་པོ་ཞིག་དེ་བས་ཀྱང་རེད།
གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དེ་བས་གསོ་སྐྱོང་ཡག་པོ་བྱེད་ཆེད། ལས་ཀར་ཞུགས་ནས་ཡུན་རིང་མ་སོང་བར་ལས་འགན་གལ་ཆེན་ཞིག་གཡང་སྒྲོན་གྱི་ཕྲག་ཏུ་བབས། ལས་བྱེད་པ་གཏན་ནས་བྱེད་མ་མྱོང་བའི་ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་། “ཁྱེད་ཀྱིས་འཇོན་ངེས་རེད། ཧ་མི་གོ་བ་ཡོད་ན་ངེད་གཉིས་ཀྱིས་མཉམ་དུ་སྦྱོང་ཆོག”ཅེས་ཉི་མ་བཀྲ་ཤིས་ཀྱི་ལྕག་སྐུལ་ལས་གཡང་སྒྲོན་ལ་ཡིད་ཆེས་ལྡབ་འགྱུར་འཕེལ།
ཉི་མ་བཀྲ་ཤིས་ཡོན་ཧྲིར་བདམས་ཐོན་བྱུང་བ་ཤེས་སྐབས། གཡང་སྒྲོན་ལ་དགའ་སྤྲོ་སྐྱེས་པ་ཕུད་ཁོང་ལ་སྙིང་རྗེ་ཡང་སྐྱེས། ཁོང་གི་ངེས་གསལ་ལ། ཉི་མ་བཀྲ་ཤིས་ནམ་རྒྱུན་ཚོད་ལྟ་ཁང་དུ་ཉིན་གང་བོར་སྡོད་ཀྱི་ཡོད་པས། སྒོ་སྲུང་བས་ནང་དུ་མི་གཅིག་ཀྱང་མི་འདུག་སྙམ་ནས་སྒོ་ལྕགས་བརྒྱབ་ནས་ལོག་འགྲོ་བའི་གནས་ཚུལ་ཡང་ཐོན་ཡོད། “དེ་དུས་ཁ་པར་ཡང་མེད་པས། ཚོད་ལྟ་ཁང་དུ་བཅུག་པའི་ཉི་མ་བཀྲ་ཤིས་སྒོ་འགྲམ་དུ་བསྡད་ནས་ངས་ཁོང་འཚོལ་བར་སྒུག་རྒྱུ་ལས་ཐབས་གཞན་མེད” ཐེངས་ཤིག་སྒོ་ཕྱེ་རྗེས་ཐང་ཆད་པའི་ཉི་མ་བཀྲ་ཤིས་སྒོ་འགྲམ་དུ་གཉིད་ཁུག་ནས་བསྡད་པ་མཐོང་བས། ང་རང་ཁོང་ཁྲོ་ལངས་པ་དང་མཉམ་དུ་ཁོང་ལ་སྙིང་རྗེ་ཡང་སྐྱེས་བྱུང”ཞེས་གཡང་སྒྲོན་གྱིས་བརྗོད།
“ལས་ཀ་ནི་ངའི་དགའ་ཕྱོགས་དང་སྤྲོ་སྣང་ཡིན། ངའི་ལས་ཀའི་ཆེད་དུ་ནང་མི་ཚོར་སེམས་ཁྲལ་བཟོ་གི་མིན”ཞེས་ཉི་མ་བཀྲ་ཤིས་ཀྱིས་བཤད། ཁོམ་པ་ཡོད་ན་ཁོང་གིས་ནང་མི་དང་མཉམ་དུ་སྡོད་ཀྱི་ཡོད། བུ་བཀྲ་ཤིས་རྒྱ་མཚོའི་མིག་ནང་དུ་ཉི་མ་བཀྲ་ཤིས་ནི་ཨ་ཕ་ཡག་པོ་ཞིག་ཡིན་ཏེ“ཁོང་གིས་ང་རང་ལོ་ན་ཆུང་ཆུང་རེད་བསམས་ཏེ་སྣང་མེད་དུ་གཏོང་མི་སྲིད། ཁོང་གིས་ངའི་དྲི་བ་ཚང་མར་ལན་ནན་ཏན་བསྐྱོན་གྱི་རེད”ཅེས་བརྗོད། བཀྲ་ཤིས་རྒྱ་མཚོ་ཆུང་བྱིས་པའི་དུས་ཀྱི་ཡི་རང་བྱེད་ས་ནི་དྲག་རྩལ་མཁས་ཅན་ཁྲེང་ལུང་ཡིན་པ་དང་ཁོང་གིས་རྟག་ཏུ་ཨ་ཕར་རང་ཉིད་ཀྱི་ཡི་རང་བྱེད་ས་དེ་གླེང་གི་ཡོད། དེའི་རྐྱེན་གྱིས་ཉི་མ་བཀྲ་ཤིས་ཀྱིས་བུ་དང་མཉམ་དུ་དུས་དེབ་དང་ཚགས་པར་ནས་ཁྲེང་ལུང་གི་གློག་རྡུལ་ཡིག་སྒམ་བཙལ་བ་དང་། བུ་ལ་ལྕག་སྐུལ་བྱས་ནས་ཁྲེང་ལུང་གི་འདྲ་རིས་ལད་འབྲི་བྱས་ཏེ་བཤར་འབེབས་བྱས་རྗེས་བསྐུར་བ་རེད། སྤྱིར་ན་འཕྲིན་ལན་མ་འབྱོར་ཡང་བཀྲ་ཤིས་རྒྱ་མཚོས་དོན་དག་དེ་ད་དུང་ཡང་གསལ་པོར་ངེས་ཀྱི་ཡོད།
ཉི་མ་བཀྲ་ཤིས་ཀྱི་ངོས་ནས་བརྗོད་ན། ཡོན་ཧྲིར་བདམས་པ་ནི་འགོ་འཛུགས་ས་གསར་པ་ཞིག་དང་འདྲ། མ་འོངས་པའི་རྒྱང་ལམ་ཐད་ཉི་མ་བཀྲ་ཤིས་ལའང་རང་ཉིད་ཀྱི་བསམ་འདུན་ཡོད་པ་སྟེ། བཀའ་དྲིན་སེམས་སུ་འཆང་བ་དང་འབད་འབུངས་ཡར་བརྩོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ད་ཡོད་ཀྱི་ཞིབ་འཇུག་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཞིབ་འཇུག་ཁྱབ་ཁོངས་གསར་པ་གསར་འབྱེད་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་མཐའ་སྟོབས་དམངས་ཕྱུག་གི་ཚན་རྩལ་བྱ་སྤྱོད་ལ་འདེགས་སྐྱོར་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་མི་རིགས་ས་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་འདོན་པ་བཅས་རེད།
(ཉི་དོན་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)