འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་6ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་མཚོ་ཆེན་རྫོང་དང་། ཆུ་གསུམ་རྫོང་། ལྷུན་གྲུབ་རྫོང་། གོ་འཇོ་རྫོང་། བསམ་གྲུབ་རྩེ་ཆུས། གསེར་རྙེད་ཆུས། ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་འཁྲོལ་གཉེར་སྐྱོང་གི་ཚོད་ལྟའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་39.1བཏང་བ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་གོང་ལས་མཇུག་འགྲིལ་རྒྱུ་དང་འབྲེལ་དྲོད་རླངས་མཁོ་འདོན་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།
ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་འཁྲོལ་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས་རྐོ་འདྲུའི་འཕྲུལ་འཁོར་གྱི་ལྡིར་སྒྲ་རྒྱུན་མི་ཆད་པར་གྲགས་པ་དང་། ས་སྙིགས་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། བཟོ་པ་ཚོས་རང་རང་གི་ལས་གནས་ཐོག་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་པ་བཅས་ཚ་ཚ་འུར་འུར་གྱི་ཨར་ལས་ཀྱི་རྣམ་པ་ཞིག་མཐོང་རྒྱུ་ཡོད། ཀོང་པོ་རྒྱ་མདའ་རྫོང་གི་དམིགས་འཁྲོལ་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་ཀྱི་འགན་འཁུར་བ་ཧན་ཁུའེ་ཕེ་ཡིས“མཁའ་རླུང་ཁུངས་ཀྱི་འཐེན་ཕུམ་ལག་རྩལ་གྱིས་བོད་ཀྱི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་ཧ་ཅང་ཞན་པའི་གནམ་གཤིས་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་གློག་ནུས་ཀྱི་ནུས་རྒྱུ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་ཐུབ། དེ་དང་ཆབས་ཅིག་མཁའ་རླུང་ཁུངས་ཀྱི་འཐེན་ཕུམ་གྱིས་གཙོ་བོ་གློག་ནུས་ཟད་གྲོན་བྱེད་པ་དང་། སྤྱོད་རིང་རླངས་རོ་དང་བཙོག་ཆུ་སོགས་ཐོན་མི་སྲིད་པས་ས་གནས་དེ་གའི་ཁོར་ཡུག་དང་གནམ་གཤིས་ལ་གཞི་རྩའི་ཆ་ནས་ཤུགས་རྐྱེན་ཐེབས་ཀྱི་མེད”ཅེས་གསར་འགོད་པར་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་འོག རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་དམིགས་འཁྲོལ་གྱི་གཉེར་སྐྱོང་རྣམ་པར་ཞིབ་འཇུག་ཧུར་ཐག་བྱས་པ་དང་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ཏེ་གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་7དུ་རྫོང(ཆུས)1བདམས་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པའི་ཁྲོད་3ནི་སྒྱུར་བཀོད་རྣམ་གྲངས་ཡིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་429ཟིན་གྱི་ཡོད། མིག་སྔར་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་7ཚང་མ་ལས་འགོ་ཚུགས་ཡོད། རྣམ་གྲངས་བསྐྲུན་རྗེས་ལས་ཁུངས་དང་། སློབ་གྲྭ སྨན་ཁང་། གྲོང་མི། ཁེ་ལས། གསོལ་མགྲོན་ཁང་དང་ཚོང་ལས་སོགས་ཨར་སྐྲུན་ལ་དྲོད་རླངས་མཁོ་འདོན་ཐུབ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)