《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月07日

༄༅། །གྱེས་ཁའི་དྲན་སྣང་ཐོར་བུ།

—— སློབ་ཐོན་སློབ་མ་ཚོ་དང་གྱེས་ཁར།

རིག་བྱེད་སྐྱབས།

ནུབ་རིའི་ཕག་ནས་ཉི་མས་ཕྱི་མིག་ལྟ། །

ས་འཛིན་གཞོན་ནུའི་གྲིབ་མ་རིང་དུ་འཐེན། །

ཕུགས་བསམ་ཞེ་ལ་ཐོགས་པའི་སློབ་བུ་ཚོས། །

མིག་མཐར་མཆི་མ་འཁྱིལ་བཞིན་ལག་གཡུག་བྱེད། །

གྱེས་ཁའི་ལག་གཡུག་སེམས་པའི་གཏིང་དུ་ལྷུངས། །

འདས་པའི་ལོ་ཟླ་དྲན་འཛིན་ངོས་སུ་ཤར། །

དགའ་སྐྱོ་འདྲེས་མའི་མི་ལོ་གསུམ་གྱི་ཡུན། །

ཞག་གཅིག་གཡར་བའི་ལམ་མདོའི་མགྲོན་ཁང་བཞིན། །

འཛོམས་པའི་མཐའ་མ་གྱེས་དགོས་ཆོས་ཉིད་བཞིན། །

ལྷང་ལྷང་དབྱངས་གསལ་ཀློག་པའི་དགེ་སློབ་ཡོངས། །

དབྱར་གྱི་ཆར་ཤུལ་འཛུམ་པའི་འཇའ་ཚོན་བཞིན། །

མི་འདོད་གྱེས་བྲལ་མཚམས་སུ་ཉེ་བར་བཅར། །

རིང་ནས་རིང་དུ་གྱེས་པའི་རྒྱབ་གཟུགས་དག །

རེ་ཐག་ཆད་པའི་མིག་གི་མགྲོན་པོར་སླེབས། །

ཞེན་ཆགས་རླུང་བུ་ཡང་ཡང་ལྡང་བའི་དུས། །

རང་སེམས་འདི་ཡང་སྡུག་གི་འོབས་སུ་ལྷུངས། །

སྲོད་ཀྱི་རླུང་བུ་འཇམ་པོས་སེམས་པ་བསྒུལ། །

དགའ་སྐྱོ་དབྱངས་ཀྱི་སྐུད་པས་འདས་དོན་དྲུད། །

སེམས་ཀྱི་དྲན་པ་རྟ་རྒོད་སྲབ་མེད་བཞིན། །

འདས་སོང་མི་ལོ་གསུམ་དེ་བརྗེད་ཐབས་དབེན། །

རིང་མིན་ཐུང་མིན་བགྲང་བྱ་གསུམ་གྱི་ཡུན། །

སྐྱིད་སྡུག་རེས་མོས་མྱངས་པའི་སློབ་བུའི་ཚོགས། །

ལྷད་མེད་ལྷུན་གྱིས་གྲུབ་པའི་མི་གཞི་ལ། །

དུག་མཚོན་མདའ་མོ་ཟུག་ཏུ་མ་འཇུག་ཨང་། །