ལང་ལིང་གཡོ་བའི་དཀར་ནག་ཆུ་འཛིན་གྱི་བྲོ་གར། །
ཁྱེད་དང་འཕྲད་རྒྱུའི་ལས་ཀྱི་སྔོན་བརྡ་དེ་ཡིན་ན། །
དེ་ཡི་ཕག་ཏུ་ཡིབ་པའི་ཉིན་བྱེད་ཀྱི་གཞོན་ནུ། །
དུང་སེམས་མེ་ཁ་གསོ་བའི་དྲོད་ཁོལ་དེ་ལོས་ཡིན། །
གློ་བུར་འཁྱུག་པའི་སྤྲིན་གསེབ་འོད་གསལ་གྱི་གློག་དམར། །
ཁྱེད་ཀྱིས་གནང་བའི་ཐོག་མའི་བག་ཆགས་དེ་ཡིན་ན། །
དེ་མུར་གྲག་པའི་གཡུ་འབྲུག་སྔོན་མོ་ཡི་ངར་སྐད། །
བདག་གི་ཡིད་རྔ་འགུལ་བའི་ཅོང་བརྡ་དེ་ལོས་ཡིན། །
ཤག་ཤག་འབབ་པའི་ཆར་ཆུའི་དལ་མེད་ཀྱི་གོམ་འགྲོས། །
གདུང་བས་བཟི་བའི་སེམས་ཀྱི་ཕོ་ཉ་དེ་ཡིན་ན། །
སྔས་མགོར་ཟགས་པའི་ཆར་ཆུའི་ཟོལ་མེད་ཀྱི་དབྱངས་རྟ། །
ཞེ་ལ་འཇམ་པའི་སེམས་ཀྱི་མཛའ་མོ་དེ་ལོས་ཡིན། །
ཟིལ་པ་ཁྲོམ་མེའི་འདབ་བརྒྱའི་མེ་ཏོག་གི་ལོངས་སྤྱོད། །
ཁྱེད་སེམས་མགུ་བའི་འཚོ་བའི་མཛེས་པ་དེ་ཡིན་ན། །
ཞི་བདེས་ཁྱབ་པའི་མཛེས་ལྡན་ཁྱོན་ཡངས་ཀྱི་འཛིན་མ། །
ཁྱེད་དང་ང་ཡི་གཏན་གྱི་གཞིས་ཁྱིམ་དེ་ལོས་ཡིན། །