《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月07日

༄༅། །པཱ་ལགས་ཀྱིས་གནང་བའི་ཕྱག་རྟགས།

དཔལ་ལྡན་ལྷུན་གྲུབ།

ལོ་ལྟར་གྱི་ཟླ་བ་བརྒྱད་པ་ཤར་རིམ་བཞིན་ངས་དབྱར་གསེང་གི་དུས་ཚོད་ཐུང་ཐུང་དེ་སྤྱད་ནས་ཕ་ཡུལ་དུ་ལོག་གི་ཡོད།

གཅིག

ནམ་རྒྱུན་ཞོགས་པ་དང་ཕྱི་དྲོའི་དབྱེ་བ་མེད་པར་པཱ་ལགས་ལ་ཞལ་པར་ཕུལ་ནས་འཚམས་འདྲི་ཞུ་བའམ། ཡང་ན་ཁོང་གིས་ཚུར་ལ་ཁ་པར་བརྒྱབ་སྟེ་ཀུ་རེའི་ལམ་ནས། ང་ལྷ་སར་བསླེབས་ཡོད་དེ། ཀླུ་སྒུག་གི་ལམ་ག་གེ་མོའམ། སྤོ་བོ་གླིང་གའི་ལམ་ག་གེ་མོར་ཡོད་ཚུལ་སོགས་གསུངས་ཤིང་། དུས་ཡུན་གང་ཙམ་རིང་ཕན་ཚུན་གླེང་མོལ་བྱས་རྗེས། ཁོང་གིས་བསྒམ་ནན་པའི་ཚིག་གིས་ད་རེས་ནང་ལ་ག་དུས་ཡོང་མིན་དང་། ལོག་དུས་ངེས་པར་དུ་རང་གི་བུ་མཉམ་དུ་འཁྲིད་དགོས་ལུགས་སོགས་བཤད་ནས་སྐེ་ལ་ཡི་གེ་མ་བྲིས་ཙམ་གནང་གི་ཡོད།

སློབ་མའི་སྦྱོང་ཚན་བཅོས་པའམ་སློབ་ཁྲིད་འཆར་ཟིན་འགོད་པ་སོགས་ལས་ཀའི་བྲེལ་ཟིང་གི་ཀློང་དུ་ཉིན་ལྟར་ཁ་ལག་ཀྱང་དུས་ཐོག་ཏུ་ཟ་ཁོམ་མེད་པའི་ཁོ་བོར་མཚོན་ན། པཱ་ལགས་དང་ལྷན་དུ་གླེང་མོལ་བྱེད་པའི་དུས་ཚོད་སྐར་མ་རེ་རེ་ཡང་ཤིན་ཏུ་ནས་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། ཁོང་གི་བཀའ་མོལ་ཚིག་འབྲུ་རེ་རེའི་གསེང་དུ་ཕ་སེམས་བུ་ལ་ཐོགས་པའི་གཏམ་གྱི་བཅུད་ཀྱིས་ཁེངས་ཡོད་པས། དུས་ནམ་ཞིག་ལ་བཀའ་མོལ་གང་ཞིག་གསུངས་པ་དུས་ད་ཆའང་ངའི་དྲན་འཛིན་གྱི་ཡོལ་བར་གློག་བརྙན་བཞིན་འཆར་འོང་། ཁོང་གི་ཅུང་ཟད་ནག་ཅིང་སྨུག་པའི་བཞིན་རས་ལས་ག་དུས་ཡིན་རུང་འཛུམ་ཞིང་དམུལ་བའི་ཚེམས་ཕྲེང་ཕྱུངས་བ་དང་། མི་སུ་དང་འཕྲད་རུང་འཇམ་ཞིང་བརྩེ་བའི་ངག་གིས་བསུ་བའི་རྣམ་འགྱུར་དང་བྱམས་ཤིང་བརྩེ་བས་ཕྱུག་པའི་སྤྱན་ཟུང་སོགས་བདག་གི་ཡིད་ཀྱི་མེ་ལོང་ངོས་སུ་ལྷམ་མེར་བཀྲ་འོང་།

ལོ་ལྟར་ཕ་ཡུལ་དུ་ལོག་དུས་པཱ་ལགས་ལ་ཅ་ལག་གང་ཞིག་ཉོ་དགོས་མིན་བཀའ་འདྲི་ཞུ་དུས། ཁོང་གིས་ཀུ་རེ་དང་བཅས། ལྷ་སར་མེད་པ་དེ་ཚོ་ཉོས་ཡོང་རོགས་གསུང་གི་ཡོད། རེད་དེ། ཕ་མ་ཞིག་གི་ངོས་ནས་བརྗོད་ན། རང་གི་བུ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་དང་། དུས་རྒྱུན་ཕ་མའི་འགྲམ་དུ་སྡོད་པའི་དུས་ཡུན་ཅུང་རིང་ཙམ་བྱུང་ན། དེ་ལས་ལྷག་པའི་རེ་བ་གཞན་མེད་ཚོད་གདའ། འོན་ཀྱང་། ཕ་ཡུལ་དུ་ཐེངས་རེ་གཉིས་ཙམ་ལོག་པ་དེར་ཡང་ལག་པ་སྟོང་པར་ཕྱིན་ན་སེམས་ཀྱིས་བཟོད་པར་དཀའ་ལ། ཕ་མ་གཉིས་པོའི་བཀའ་དྲིན་ལས་ད་ཆ་གཞུང་གི་གླ་ཕོགས་ལེན་རྒྱུ་ཡོད་པའི་བུ་ཕྲུག་ཅིག་གིས་ཕ་ཡུལ་དུ་ལག་པ་སྟོང་པར་ལོག་ཕྱིན་ན་ངོ་ཡང་ཚ་བས། དེར་བརྟེན། ཁྲོམ་ནས་པཱ་ལགས་མཉེས་ཤོས་གནང་བའི་མདུན་སྒོ་རྟགས་ཅན་གྱི་ཐ་མག་དང་ཕ་མ་རྣམ་གཉིས་ལ་བརྙན་འཕྲིན་ནས་བརྡ་ཁྱབ་བྱེད་བཞིན་པའི་ལྷམ་སོགས་གང་འདོད་ཉོས་ཏེ་ཕ་ཡུལ་དུ་ཆས།

གཉིས།

སྤྱི་ལོ་2019ལོའི་དབྱར་གསེང་གི་སྐབས། ང་རང་ནམ་རྒྱུན་ལྟར་མཁོ་ཆས་རྣམས་ཉོས་ནས་ཕ་ཡུལ་དུ་ལོག་པའི་ལམ་དུ་ཞུགས་ཀྱང་། དེ་ཉིན་ཆར་ཞོད་ཆེ་བས་རླངས་འཁོར་རྒྱུན་གཏན་བཞིན་མྱུར་ཚད་མགྱོགས་པོ་གཏོང་མ་ཕོད། དེའི་སྟབས་ཀྱིས་ནམ་རྒྱུན་ལས་ཆུ་ཚོད་གཅིག་ལྷག་གིས་འགྱངས་ལ། ཆར་པ་འབབ་རིང་ཁ་པར་རྒྱག་མི་ཐུབ་པས། པཱ་ལགས་ནས་ང་ཚོར་ཐུགས་ཁྲལ་ཆེན་པོ་གནང་བ་ཁྱིམ་དུ་སླེབས་རྗེས་ཨ་མ་ལགས་ཀྱིས་གསུངས།

རི་མགོ་གང་སར་སྨུག་སྤྲིན་གྱི་དབུ་རྨོག་བཞེས་ཤིང་། ནམ་རྒྱུན་སྤང་ལྗོངས་སུ་འབའ་སྒྲའི་རོལ་དབྱངས་ལ་འཁྱུད་པའི་གཡང་དཀར་ལུག་ཁྱུ་དག་ཀྱང་ལྷས་རར་ཁུ་སིམ་མེར་འཛུལ་ཟིན་ལ། ཏང་ཏང་ཏིང་ཏིང་གིས་རྣ་བར་སུན་སྣང་སྟེར་བའི་རྟ་བོང་གི་དྲིལ་སྒྲ་ཡང་འཇགས་འདུག མི་ངོ་ཆོད་ལ་མི་ཆོད་པའི་མཚམས་དེར་ང་རང་གཞི་ནས་ཕ་ཡུལ་དུ་འབྱོར། རླངས་འཁོར་ལས་བབས་མ་ཐག བུས། སྤོ་བོ་ལགས། ཁམས་བཟང་ཞེས་པཱ་ལགས་ཀྱི་པང་ཁར་འཐམ་པ་དང་། པཱ་ལགས་ཀྱིས། “ངའི་བུ་ཕྱག་ཕེབས་གནང་བྱུང་། ལམ་བར་དུ་གྲོད་པ་ལྟོགས་མ་བྱུང་ངམ། མོ་ཊའི་ནང་འཁྱགས་མ་བྱུང་ངམ། ངའི་བུ་ཞེས་བྱམས་བརྩེ་ཆེ་བའི་ཚིག་གིས་བུའི་མགོ་བོར་བྱིལ་བྱིལ་བྱེད་ཞོར་ཁོ་བོར་ཕྱོགས་ཏེ། “ད་ལྟ་བར་གང་བྱེད་ཀྱིན་བསྡད་པ་ཡིན། ཁ་པར་ཡང་འགྲོ་གི་མི་འདུག”ཅེས་སེམས་ཁྲལ་དང་བཅས་གསུངས་བྱུང་བར། ང་རང་ཅུང་ཟད་ངོ་གནོང་སྟེ་རྟབ་རྟབ་པོར་ཅ་དངོས་རྣམས་ཁྱིམ་དུ་དབོར་འགོ་བརྩམས་པ་ཡིན།

ཨ་མ་ལགས་ཀྱིས་གྲོ་ཐུག་ཞིམ་པོ་ཞིག་བསྐོལ་གནང་འདུག་པར་རྒྱགས་ཚད་བཏུངས་རྗེས། ནང་མི་ཚང་མ་ནམ་ཕྱེད་བར་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་པ་དང་། པཱ་ལགས་ཀྱི་འཛུམ་པའི་བཞིན་རས་ནི་ཟུམ་པ་མེད་པར། འདི་དང་དེ་ལ་སོགས་སྔ་རྒྱུས་ད་རྒྱུས་ཀྱི་གཏམ་གླེང་ལ་གཡེངས། ནམ་རྒྱུན་དང་བསྡུར་ན་པཱ་ལགས་ཀྱི་བཞིན་རས་ཅུང་དཀར་དུ་སོང་འདུག་ལ་སྐུ་ཤ་ཡང་འབྱོར་དུ་སོང་འདུག ངས་ཀུ་རེ་དང་སྦྲགས། “ནང་སར་འགྲོ་མྱོང་ཕྱིན་འདྲ་ས་མི་འདུག གདོང་པ་དཀར་དུ་སོང་བ་མ་ཟད། ད་དུང་རྒྱ་སྐད་ཀྱང་འཁོན་ཐོགས་མེད་པར་རྒྱག་ཐུབ་ཀྱི་འདུག ད་རེས་བློ་སྐྱེད་ཆེན་པོ་བྱུང་ཡོད་བཟོ་འདུག”ཅེས་ བཤད་པར། ཁོང་གིས་འཛུམ་དམུལ་དམུལ་གྱིས། “དྲང་པོར་བཤད་ན་དང་ཐོག་འདི་ནས་ཐོན་དུས་ང་རང་ནག་ཤོས་རེད་འདུག ཡིན་ནའང་། ཡར་ལོག་དུས་དཀར་ཤོས་རེད་འདུག ཧ་ཧ་ཧ”ཞེས་ཀུ་རེ་གནང་ཞོར་མུ་མཐུད་དེ། “ད་རེས་ནང་སའི་ཁྲང་ཧྲ་ཡི་ལུང་པ་མང་པོར་བསླེབས་བྱུང་། རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་ཕྱག་ལས་གནང་མྱོང་བའི་ས་ཆ་མང་པོར་བསླེབས་བྱུང་ལ། གསར་བརྗེའི་རྟེན་གཞིའི་ཁུལ་ཡན་ཨན་དུའང་བསླེབས་བྱུང”ཞེས་པཱ་ལགས་ཀྱིས་ད་ཐེངས་ཀྱི་མཐོང་ཐོས་རྣམས་སྒྲུང་གཏམ་འཆད་པ་ལྟར་ང་ཚོར་རེ་རེ་བཞིན་གསུངས་པ་དང་། དེ་ནས་ཡར་བཞེངས་ཏེ་ཤུར་ཅོག་ནས་ཚ་དམ་ཕོར་པ་ཆེ་ཆུང་མི་འདྲ་བ་གསུམ་བཏོན་ཏེ་ང་ལ་རང་འདོད་ལྟར་འདེམས་སུ་བཅུག ངས་ཐད་ཀར་འདི་དགོས་ཞེས་ཤོད་མ་ཕོད་པར་སོམ་ཉི་དང་བཅས། “ད་རེས་ཕྱག་རྟགས་ཆེན་པོ་གཟིགས་འདུག ང་ལ་མི་དགོས། གཅུང་པོ་གཅུང་མོ་ཚོར་སྤྲད་ན”ཞེས་སྐད་ཆའི་མཇུག་མ་རྫོགས་གོང་པཱ་ལགས་ཀྱིས། “གང་ཟེར་གྱི་ཡོད། ཁོ་ཚོར་ཉོས་ནས་སྤྲད་ཟིན། འདི་བུ་ཁྱོད་ཀྱི་སྐལ་བ་ཡིན། གང་དགོས་འདོམས་ཤིག”ཅེས་གསུངས། ངས་ཀྱང་ཁོང་གི་ངོ་སོ་ཟློག་མ་ནུས་པར་ཚོས་གཞི་དམར་སྨུག་གི་ཚ་དམ་ཕོར་པ་དེ་བདམས་པ་ཡིན། དེ་ནས་ཁོང་གིས་སླར་ཡང་ཤུར་ཅོག་ལས་ཀོ་ཕིག་གི་པར་འཁོད་པའི་ཚ་དམ་ཕོར་པ་ཆུང་ཆུང་ཞིག་བཏོན་གནང་སྟེ་ངའི་བུར་སྤྲད་སོང་། བུས་དེར་ལྟ་ཙམ་དང་པཱ་ལགས་ལ་ལྟ་ཙམ། དེ་ནས་ཁོ་བོར་ལྟ་ཙམ་བྱས་ཏེ་དགའ་སྤྲོའི་འཛུམ་གྱི་པདྨོ་རེ་ཞིག་ཟུམ་ཐབས་བྲལ།

དེ་ནས་ཡུད་ཙམ་སོང་རྗེས། ཁོང་གིས་ནམ་རྒྱུན་ཕྱག་ལས་ལ་ཕེབས་དུས་བསྣམས་བཞིན་ཡོད་པའི་ལྟོ་ཕད་ལས་སླར་ཡང་དེང་དུས་སྐད་གྲགས་བྱེད་པའི“ཞིའི་ནོར”རྟགས་ཅན་གྱི་ཚ་དམ་ཕོར་པ་ཞིག་བཏོན་ཏེ། “འོ་ན་འདི་གང་འདྲ་འདུག”ཅེས་ཁོ་བོར་བསྟན་གནང་བྱུང་། ངས་ཀྱང་དེ་ནི་དེང་སྐབས་སྐད་གྲགས་ཡོད་པའི་ལན་པར་ཞིག་ཡིན་ཚུལ་དང་། རང་ཉིད་ཀྱི་ལས་ཁུངས་སུའང་དེ་འདྲ་འཁུར་མཁན་མང་པོ་ཡོད་ལུགས་སོགས་རོབ་ཙམ་བཤད་པས། ཁོང་གིས་འཛུམ་ཙམ་གནང་གིན། “འོ་ན་ད་གིན་གྱི་ཚ་དམ་ཕོར་པ་དེ་མ་ཁྱེར། ཁྱོད་ཀྱིས་ངའི་དེ་ཉར་དང་། དེ་གང་འདྲ་ཡིན་མིན་ངས་མི་ཤེས”ཞེས་གསུང་གིན་ཁོ་བོར་སྤྲད་གནང་བྱུང་། “མིན། པཱ་ལགས། དེ་ཁྱེད་རང་སྣོམས། གྲོང་ཚོའི་ནང་ཕེབས་དུས་ངོ་མ་ཡག་པོ་ཡོད། ཚོན་ཀྲང་གཞན་པས་ཀྱང་དེ་འདྲ་འཁུར་ཡོད་སྲིད། ཁྱེད་རང་ལ་དེ་མེད་ན་ག་ལ་འགྲིག ང་ལ་མི་དགོས……”པཱ་ལགས་ཀྱི་བཞིན་རས་ལས་བྱམས་བརྩེའི་འཛུམ་མདངས་ཤིག་འཕྱུར་བ་དང་། ཐ་མག་གི་དུ་བས་སེར་སྨུག་ཏུ་གྱུར་བའི་ཚེམས་ཕྲེང་ཕྱིར་མངོན་ཞོར་མུ་མཐུད་དེ། “གང་ཟེར་བ་རེད། ད་དེ་ག་བྱོས། ང་ལ་འདི་ཡག་དྲགས་འདུག ང་ཚོ་གྲོང་གསེབ་པས་ཡག་ཉེས་ག་རེ་འཁུར་ཡང་གྲོང་གསེབ་པ་རང་རེད། དེ་རིང་གཙང་མ་ཡོད་ཀྱང་སང་ཉིན་ཐལ་རྡུལ་གྱིས་བཙོག་པ་ཆགས་ཀྱི་རེད་ལ། དོ་སྣང་མེད་ཙང་ཉིན་གཅིག་བརླག་ངེས་རེད། དེ་ལས་ཁྱོད་ཀྱིས་ཁུར་དང་། གྲོང་ཁྱེར་ནང་དེ་གོ་ཆོད་ལ་སྤྱོད་རིན་ཡང་ཆེན་པོ་ཡོད”ཅེས་གསུངས་ཤིང་། ཁོང་གི་བཀའ་མོལ་དེའི་གསེང་དུ་རང་གི་བུ་ཕྲུག་ལ་བཅངས་པའི་བྱམས་པ་དང་བརྩེ་བ། དགའ་བ་དང་དུང་བ་ཡོད་ཚད་སིམ་འདུག བདག་གིས་ཨ་ན་ཨུ་ཚུགས་ཀྱིས་མི་དགོས་ཚུལ་བཤད་ཀྱང་། ཁོང་གིས་མཐའ་གཅིག་ཏུ་ཁུར་དགོས་ཚུལ་གསུངས་པས། ཁོ་བོ་ནི་རེ་ཞིག་ངོ་ཚ་ཞིང་ཁ་ཡང་སྐྱེངས་པར་གྱུར།

དེ་ནས་ཁོང་གིས། “མ་གཞི་ཚ་དམ་ཕོར་པ་འདི་འདྲ་ཞིག་གིས་ཁྱོད་ལ་ཕན་ཆེན་པོ་ཐོགས་མི་སྲིད་ཀྱང་། འདི་ངའི་སེམས་པའི་ཁྱད་ཡིན། ད་རེས་ཡིན་གཅིག་ཁྱེར་རོགས། འདི་མ་ཁྱེར་ན་ང་ལ་འགྱོད་པ་ཆེན་པོ་ཡོང་བ་འདུག འདི་ངས་ཆེད་དུ་རང་ལ་ཉོས་པའི་ལག་རྟགས་ཤིག་ལ་རྩིས་དང”ཞེས་གསུངས། ཁོང་གིས་བཀའ་མོལ་དེ་དག་གསུང་དུས་ང་རང་རང་དབང་མེད་པར་མིག་ཆུ་ཤོར་བྱུང་ལ། ཡུད་ཙམ་རིང་མགྲིན་པ་བརྣངས་ནས་དབུགས་ཀྱང་གཏོང་དཀའ་བར་གྱུར།

མཚན་མོ་དེའི་ནམ་མཁའ་རྒྱུ་སྐར་གྱིས་བརྒྱན་ཞིང་། ཁུ་སིམ་པའི་རི་གྲོང་གི་མཁའ་དབུགས་ཁྲོད། སྐར་མ་སྨིན་དྲུག་གི་འདུ་ཤེས་དང་བྱང་སྐར་སྤུན་བདུན་གྱི་གཏམ་རྒྱུད་སོགས་དེ་སྔ་སྒོག་མཁར་གཞིས་ཀའི་གཡོག་པོ་བྱེད་མྱོང་བའི་ལུག་རྫི་རྒད་པོ་དཔལ་ལྡན་ནས་གསུངས་མྱོང་བའི་གཏམ་རྒྱུད་དག་བྲག་ཅ་བཞིན་ངའི་རྣ་བར་གྲག་འོང་། ཕྱི་རོལ་གྱི་རླུང་བུ་ངར་མས་བསྐྱེད་པ་ཡིན་ནམ། ཡང་ན། ང་རང་གིས་བཤད་པའི་སྐད་ཆར་ངོ་གནོང་བ་གང་ཡིན་ཆ་མི་འཚལ་མོད། གང་ལྟར་བདག་གི་སེམས་པ་རེ་ཞིག་གྲང་ཅང་ཅང་དུ་གྱུར།

གསུམ།

དེ་རིང་ནི་2024ལོའི་དབྱར་དུས་ཀྱི་ཉིན་ཞིག་རེད། བརྩེ་བའི་པཱ་ལགས་ཁོང་ང་དང་ཞལ་གྱེས་ནས་བགྲང་བྱ་གཉིས་ཙམ་འདས་ཟིན། ཡིན་ནའང་། ཁོང་གིས་ང་ཚོ་བུ་ཕྲུག་རྣམས་ལ་གནང་བའི་བྱམས་སྐྱོང་དང་གཞན་ཕན་གྱི་བགྱི་བར་ཞུགས་ཕོད་པ་དང་ལས་ཕོད་པའི་སྙིང་སྟོབས་ནི་ནམ་ཡང་ང་ཚོའི་སྙིང་དབུས་སུ་བཅངས་དང་འཆང་བཞིན་ཡོད་ལ། “མི་གཞན་ལ་གནོད་པ་དང་འཚེ་བ། བརྣབ་པ་སོགས་བྱེད་མི་རུང་སྟེ། ར་སྤུའི་འུར་རྡོ་རའི་མཇིང་པར་ཕོག་པའི་དཔེ་བཞིན་ཡིན་པས། ཕྱིས་འབྱུང་གནས་ཚུལ་གང་ཞིག་འཕྲད་ཀྱང་། སྔོན་ལ་བསམ་བློ་ནན་ཏན་བཏང་སྟེ་རིག་པས་བརྡར་ཤ་གཅོད་དགོས། ཧོལ་རྒྱུགས་དང་རྣམ་གཡེང་། གཡོ་སྒྱུ་སོགས་ནི་ཁྱོད་ཀྱི་བྱ་གཞག་ཁག་ལེགས་འགྲུབ་ཡོང་བའི་གེགས་ཡིན”ཞེས་པའི་ཁོང་གི་བཀའ་མོལ་དག་ནི་ད་ཆ་ངའི་མི་ཚེའི་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར་ཞིང་། ནམ་རྒྱུན་ས་ཕྱོགས་གང་དུ་སོང་ཡང་པཱ་ལགས་ཀྱིས་གནང་བའི་ཕྱག་རྟགས་དེ་ལུས་དང་མི་བྲལ་བར་འཁྱེར་གྱི་ཡོད། དེ་ནི་ཁོང་གིས་ཁོ་བོར་གནང་བའི་ཕྱག་རྟགས་རྩ་ཆེན་ཞིག་ཡིན།

ཉིན་ཞག་མང་པོ་ཞིག་འདས་པའི་རྗེས་ཀྱི་ཉིན་ཞིག སྟེས་དབང་གིས་ང་རང་ཕ་ཡུལ་དུ་ལོག་པའི་གོ་སྐབས་ཤིག་བྱུང་། ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་བསྡུ་སྒྲིག་གི་ལས་ཀར་གཞོལ་བཞིན་པའི་ཁོ་བོས་ཨ་མ་ལགས་དང་ད་ཆ་གྲོངས་ཟིན་པའི་སྤོ་བོ་བསོད་ནམས་ལགས་སོགས་ཀྱི་དྲུང་ནས་སྒོག་མཁར་གྲོང་ཚོའི་སྒོར་གཞས་ཀྱི་གཞས་ཚིག་མང་པོ་ཞིག་བསྡུ་རུབ་དང་གཞས་ཚིག་འགའ་ལ་བགྲོ་གླེང་བྱེད་དུས། ཨ་མ་ལགས་ཀྱིས་ངའི་ལག་ཏུ་འཁུར་བའི་ཚ་དམ་ཕོར་པ་དེ་མཐོང་བས། ཚ་དམ་ཕོར་པ་དེ་ནི་པཱ་ལགས་ཁོང་རྫོང་རིམ་པའི་སྔོན་ཐོན་ཏང་ཡོན་ལ་འདེམས་དུས་གོང་རིམ་ནས་སྤྲད་པའི་ཕྱག་རྟགས་ཤིག་ཡིན་ཚུལ་དང་། ནམ་རྒྱུན་གྲོང་ཚོའི་ནང་འཁྱེར་ན་མི་གཞན་གྱི་མདུན་ལ་ངོམ་སོར་ཕྱིན་མི་ཡོང་སྙམ་སྟེ་ད་བར་ཤུར་ཅོག་ནང་བཅུག་ནས་བཞག་ཚུལ་ གསུངས།

དེ་ལྟར་ལོ་ཟླའི་མངལ་རུམ་དུ་ང་ཚོའི་ལང་ཚོའང་རིམ་གྱིས་རྒས་འགྲོ་ཞིང་། ང་རང་ཡང་ཕྲུ་གུའི་ཕར་གྱུར་ནས་ལོ་མང་འདས། ལོ་དེ་དག་གི་རིང་། ངའི་ལས་ཀ་དང་འཚོ་བར་བར་ཆད་འཕྲད་དུས་སམ། ཡང་ན། ང་རང་རེ་ཞིག་ངལ་དུབ་ཀྱིས་བཟི་དུས། པཱ་ལགས་ཀྱིས་གནང་བའི་ཕྱག་རྟགས་དེ་ནི་བདག་གི་ངལ་དུབ་སེལ་བའི་བདུད་རྩིའི་སྨན་མཆོག་ཅིག་ཡིན་སྣང་ཤར།