འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གིས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་པར་དམིགས་ནས། སྤྱི་པའི་རིག་གནས་ཞབས་ཞུའི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། རིག་གནས་དམངས་ཕན་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ། རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བ། མང་ཚོགས་ཀྱི་རིག་གནས་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས། རིག་གནས་འཛུགས་སྐྱོང་བྱེད་རིང་མང་ཚོགས་རང་ངོས་ཀྱི་རྣམ་འགྱུར་དང་རང་ཉིད་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་དང་། མང་ཚོགས་ཀྱི་རིག་གནས་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ། དར་ཆ་སྒྲེང་བ་དང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་རིག་གནས་འཕེལ་རྒྱས་འཛུགས་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཇོ་མོ་ཁྲོམ་གཞུང་གིས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐང་ཆེན་དང་། ཞིང་པའི་དཔེ་ཁང་། གསར་བརྗེའི་ས་ཚིགས་བཅས་ཧུར་ཐག་བསྐྲུན་ནས་མང་ཚོགས་ལ་དྲང་ནུས་ཀྱིས་ཕྱུག་པའི་རིག་གནས་འཐབ་ས་མཁོ་འདོན་བྱས་ཡོད། ཇོ་མོ་ཁྲོམ་གཞུང་དུ་རིག་གནས་ཕྱོགས་བསྡུས་ལྟེ་གནས་བཙུགས་ཡོད་པ་དང་། གཉིས་བཀུར་ལམ་སྡེ་ཁུལ་དང་། ཆུ་རྒྱུད་སྡེ་ཁུལ། ཉང་ཆུའི་སྡེ་ཁུལ་རིག་གནས་ཁང་བཅས་ཚང་མར་དཔེ་དེབ་ལྟ་ཀློག་ཁུལ་དང་དཔེ་ཀློག་ངལ་གསོ་ཁུལ་4དང་། གསོ་སྦྱོང་སློབ་ཁང་དང་། ནུས་མང་ཚོམས་ཆེན། ལུས་སྦྱོང་ཁང་ཁག་3བཙུགས་ཡོད། ཇོ་མོ་ཁྲོམ་གཞུང་རིག་གནས་ཕྱོགས་བསྡུས་ལྟེ་གནས་དང་སྡེ་ཁུལ་རིག་གནས་ཁང་དུ་སྒྲོག་ཙེ་དང་རྐུབ་སྟེགས་ཆ་ཚང་9དང་། དཔེ་སྒྲོམ་8 སྒྲ་སྐྱེད་ཆ་ཚང་ཁག་3 གློག་སྒྲོན་སྟར་པ་2བཅས་བཀོད་སྒྲིག་བྱས་ཡོད། ད་དུང་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་ལས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རང་ས་རང་ཡུལ་གྱི་རིག་གནས་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་བྱང་ཚད་མཐོ་བའི་རིག་གནས་དཔུང་ཁག་ཅིག་བཏོད་ཅིང་། མིག་སྔར། ཇོ་མོ་ཁྲོམ་གཞུང་གི་སྡེ་ཁུལ་ཁག་ཏུ་རིག་གནས་ཆེད་བསྐོས་ལས་བྱེད་པ་བཀོད་སྒྲིག་བྱས་ཡོད་པ་དེ་དག་གིས་གཙོ་བོ་སྡེ་ཁུལ་གྱི་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་རྒྱུན་གཏན་གྱི་ལས་ཀའི་འགན་འཁུར་བཞིན་ཡོད། སྡེ་ཁུལ་གསུམ་ལ་ཁྱོན་རིག་རྩལ་འཁྲབ་སྟོན་རུ་ཁག་3དང་དང་བླངས་ཞབས་ཞུའི་རུ་ཁག་16ཡོད་པ་དག་གིས་ནམ་རྒྱུན་རིག་རྩལ་སྐོང་འཁྲབ་དང་། དཔེ་དེབ་ལྟ་ཀློག སྡེ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་གྱིས་རྒྱ་ཆེའི་མང་ཚོགས་ལ་མིག་གི་སྟོན་མོ་གྱ་ནོམ་པ་གཤོམ་བཞིན་ཡོད་པས། དེས་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཁེ་དབང་ལ་འགན་ལེན་དེ་བས་ལེགས་པ་ཐུབ་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
རིག་གནས་ལེ་ཚན་རྩེ་གྲ་བཏོད་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། ཇོ་མོ་ཁྲོམ་གཞུང་གིས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་ཤུགས་རྒྱག་སར་བརྩིས་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བཏང་སྟེ། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་བྱེད་སྒོ་མང་པོ་སྤེལ་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་ཆེད། “སྡུག་དྲན་སྐྱིད་བསམ་གྱིས་ཏང་གི་བཀའ་དྲིན་ཚོར། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མང་ཚོགས་ཀྱི་བསམ་པ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་ཤེས་ལྡན་པ་སྔར་བས་སྔོག་འདོན་དང་གསོ་སྐྱོང་བྱ་ཆེད། ཇོ་མོ་ཁྲོམ་གཞུང་ཆུ་རྒྱུད་སྡེ་ཁུལ་གྱིས“བྱིས་པ་དམར་པོའི”སྤྱི་ཕན་དང་བླངས་ཞབས་ཞུའི་སྒྲ་སྙན་དགའ་མོས་འཛིན་གྲྭ་རྒྱུན་མཐུད་ནས་བཙུགས་པ་དང་། “མཐུན་སྒྲིལ་བུམ་པའི”མིག་མངས་འགྲན་བསྡུར་སྐབས་དང་པོ་དང“བུད་མེད་མ་བྱན”སྤུས་རྟགས་ཀྱི་བོད་ལུགས་ཏན་ཞིམ་བཟོ་བ་དང་འཚོང་བའི་བྱེད་སྒོ་སོགས་སྤེལ་ཡོད།
(པ་ཚེ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)