ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་རྣམ་གཉིས་གྲོང་ཁྱེར་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་བརྒྱུད་དེ་ཀྲུང་ཡོའི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཐད་སྐྱོད་མྱུར་སྐྱེལ་རྣམ་གྲངས་ཤར་གཏོང་མཛད་སྒོར་ཞུགས་པ་རེད།
ཞི་ཅིན་ཕིང་དང་ཐོ་ཁཱ་ཡེ་ཧྥུའུ་རྣམ་གཉིས་ཀྱིས་ཀྲུང་ཡོའི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཐད་སྐྱོད་མྱུར་སྐྱེལ་རྣམ་གྲངས་ཀྱི་བརྙན་ལམ་ལ་གཟིགས་ཤིང་། ཧ་སག་སི་ཐན་ཕྱོགས་ཀྱི་རྣམ་གྲངས་འགན་འཁུར་བས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་འགན་འཁུར་བས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་བཀའ་བཀོད་གནང་རོགས་ཞེས་ཞུས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“སྐྱེལ་འདྲེན་བྱེད་འགོ་ཚུགས”ཞེས་ལས་སྒྲུབ་བཀའ་བཀོད་མཉམ་དུ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བརྙན་ཤེལ་ཆེན་པོ་བརྒྱུད་དེ་རླངས་འཁོར་གྲུ་ཐོག་ཏུ་འཛེགས་པ་དང་དོས་སྒམ་གྲུའི་ནང་དུ་བླུག་པ་སོགས་ལ་གཟིགས་ཤིང་། ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་པོའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
དེ་ནི་ཀྲུང་གོ་ཕྱོགས་ཀྱི་རླངས་འཁོར་གཞུང་ལམ་ནས་ཐད་ཀར་སྐྱེལ་འདྲེན་བྱེད་པའི་རྣམ་པ་ལྟར་ལི་ཧའེ་རྒྱ་མཚོའི་ངོགས་ཀྱི་གྲུ་ཁར་ཐེངས་དང་པོ་འབྱོར་བ་ཡིན་ལ། ཀྲུང་གོ་ནས་ཐོན་ཏེ་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཉེར་སྐྱོང་བརྟན་པོ་བྱུང་ནས་ལོ་2ཕྱིན་ཡོད། དེ་ཐོག་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། མདོང་ལམ་སྐྱེལ་འདྲེན་བཅས་གཞི་གཅིག་ཏུ་བསྡུས་པའི་སྣ་མང་ཕྱོགས་བསྡུས་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་དངོས་སུ་ཆགས་པ་མཚོན་ཡོད་པ་རེད།