ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཙུང་ཐུང་ལས་ཤག་ཏུ་ཕེབས་འབྱོར་ཟིན་སྐབས། ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། ཧ་སག་སི་ཐན་མཁའ་དམག་གི་དམག་འཐབ་གནམ་གྲུ་དྲུག་ཙུང་ཐུང་ལས་ཤག་གི་མཁའ་དབྱིངས་ནས་འཕུར་ཏེ། ཀྲུང་གོའི་རྒྱལ་དར་མཚོན་པའི་ཚོན་དོག་དམར་སེར་གྱི་དུ་བ་གློད་དེ་གུས་ལུགས་གཟབ་ཤོས་ཀྱི་ཐོག་ནས་ཞི་ཅིན་ཕིང་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཕེབས་པར་དགའ་བསུ་ཞུས་པ་རེད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།
ཙུང་ཐུང་ལས་ཤག་གི་ཚོམས་ཆེན་བརྗིད་ཉམས་ཆེ་བ་དང་གུས་ལུགས་དམག་མི་རྣམས་དཔའ་ཉམས་དོད་པོས་འགྱིང་ངེར་ལངས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་སོ་སོའི་ཕེབས་རོགས་མི་སྣ་རེ་རེ་བཞིན་ལ་ཕྱག་བཏང་གནང་སྟེ་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ། ཞི་ཅིན་ཕིང་གིས་ཐོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་དང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཤིས་ཨན་དང་པེ་ཅིང་དུ་མཇལ་འཛོམས་ཐེངས་གཉིས་བྱུང་། དེའི་རིང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ལ་བཀོད་སྒྲིག་གསར་པ་དང་འཆར་འགོད་གསར་པ་བྱས་ཏེ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི“རྫོགས་ལྡན་ལོ་30”ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་ཞིང་། ཧ་སག་སི་ཐན་འདི་ཉིད་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་སྔོན་སྤེལ་ཁ་ཕྱོགས་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ལ་བརྩི་ཡི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་འདོད་འདུན་དང་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད། སྐབས་ཤིག་རིང་གི་དོན་དག་གཅིག་གམ་ཡང་ན་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་ལས་དེར་འགྱུར་བ་འགྲོ་མི་སྲིད། ཀྲུང་གོ་ནི་དུས་ནམ་ཡང་ཧ་སག་སི་ཐན་ཕྱོགས་ཀྱིས་གཙིགས་ཆེན་དང་ཡིད་ཆེས་ཆོག་པའི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་རང་བྱུང་སོལ་རླངས་སོགས་སྲོལ་རྒྱུན་ནུས་རྒྱུའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧ་སག་སི་ཐན་དུ་མ་འཇོག་ལ་ཡོང་བར་རྒྱབ་སྐྱོར་བྱེད་པ། ཧ་སག་སི་ཐན་ཕྱོགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ནུས་པར་སྒྱུར་བར་རོགས་རམ་བཅས་བྱས་ཏེ་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་འདོད་ཡོད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲིའི་གནང་བ་དེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ངོས་ནས་བརྗོད་ན་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་དང་། གྲོགས་པོ་བློས་ཐུབ། འཐབ་ཇུས་རོགས་ཟླ་གལ་ཆེན་བཅས་ཡིན་ཞིང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དེ་ཁྱིམ་མཚེས་ཀྱི་མཛའ་གྲོགས་ཟབ་མོ་དང་ཕན་ཚུན་གྱི་རྒྱབ་སྐྱོར་བརྟན་པོ་ལས་བྱུང་བ་ཞིག་ཡིན་པས། སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། ཚོང་དོན་དང་། ནུས་རྒྱུ། ཞིང་ལས། གཏེར་ཁ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཀྲུང་གོར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་དང་། གཏེར་ཁ། ནུས་རྒྱུ་གསར་པ། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔར་བས་སྔོག་འདོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན།
དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་དེ་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་དར་གོས་ལམ་བུ་ནས་འགོ་ཚུགས་ཤིང་། ཕྱི་འབྲེལ་བཙུགས་ནས་ལོ་32སོང་རིང་གི་མཉམ་ལས་བརྒྱུད་ཡུན་རིང་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་ཆུ་ཚད་མཐོ་པོར་སླེབས་ཡོད། མི་རབས་ནས་མི་རབས་བར་མཛའ་གྲོགས་དང་། ཕན་ཚུན་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ལ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྙིང་སྟོབས་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད། རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པའི་ཡིད་ཆེས་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ཏེ། ནང་དོན་སྔར་བས་ཕུན་སུམ་ཚོགས་པ་དང་གསོན་ཤུགས་སྔར་བས་ཆེ་བའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་དང་བརྟན་ལྷིང་ལ་དྲང་ནུས་དེ་བས་མང་བ་སྣོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོ་རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་བསྟར་གྱིས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འབྱུང་འགྱུར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལྡབ་འཕར་གང་མགྱོགས་མངོན་འགྱུར་ཡོང་བའི་དམིགས་ཚད་གསར་པ་གཏན་འཁེལ་བྱས་ཏེ། ཧ་སག་སི་ཐན་གྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་གློག་རྡུལ་ཚོང་དོན་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་ཐོན་ནུས་མ་འཇོག་མཉམ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཏེ། གློག་སྒུལ་རླངས་འཁོར་དང་། ནུས་རྒྱུ་གསར་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན། སྲུང་སྐར་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྣ་མང་ལངས་གཟུགས་ཀྱི་སྦྲེལ་མཐུད་ཀྱི་རྣམ་པ་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་ཧ་སག་སི་ཐན་དུ“ཀྲུང་གོའི་ཡུལ་སྐོར་ལོ”གཉེར་བར་རྒྱབ་སྐྱོར་བྱ་རྒྱུ་དང་ཧ་སག་སི་ཐན་དུ་ལུའུ་པན་བཟོ་ཁང་གཉིས་པ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། ཁ་ཉིན་ངས་གནམ་ཐང་ནས་ཧ་སག་སི་ཐན་གྱི་གཞོན་ནུ་ཚོས《མེས་རྒྱལ་ལ་གླུ་དབྱངས་ལེན》ཞེས་པའི་རྒྱ་གཞས་སྙན་པོ་བཏང་བ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། གཞོན་ནུ་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མི་རབས་མང་པོའི་མཛའ་གྲོགས་རྒྱུན་འཛིན་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རིག་གནས་ལྟེ་གནས་དང་པེ་ཅིང་སྐད་ཡིག་སློབ་ཆེན་ཧ་སག་སི་ཐན་ཡན་ལག་སློབ་གྲྭའི་ནུས་པ་ཡག་པོ་བཏོན་ཏེ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་དབར་ཕན་ཚུན་ཤེས་རྟོགས་བྱེད་ཚད་དང་མཛའ་གྲོགས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་མཉམ་ལས་ཀྱི་སྤྱི་ཚོགས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། ཧ་སག་སི་ཐན་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི་ཨ་སི་ཐ་ན་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་ཤིང་། ཞི་ཅིན་ཕིང་གིས་ཨ་སི་ཐ་ན་དབུ་ཚོགས་འཚོགས་རྗེས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་སོགས་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་སྔར་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་སང་ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཧ་སག་སི་ཐན་ཕྱོགས་སོགས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལེགས་སུ་དང་སྟོབས་ཆེར་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དབར་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཐོག་ནས་ཧ་སག་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀས་ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་སྔར་བས་ལེགས་སུ་གཏོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་སླར་ཡང་ར་སྤྲོད་ཐུབ་ཡོད། ཧ་སག་སི་ཐན་དང་ཀྲུང་གོའི་དབར་ལོ་ངོ་སྟོང་ཕྲག་བརྒལ་བའི་མཛའ་གྲོགས་བརྟན་པོ་ཡོད་ལ་ཁྱབ་ཁོངས་ཁག་གི་མཉམ་ལས་ལའང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་ཐུགས་ཁུར་དང་སྣེ་ཁྲིད་འོག་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ“དུས་རབས་ཡག་ཤོས”གསར་པར་སླེབས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་འཕེལ་རྒྱས་བདེ་བླག་བྱུང་བ་དང་། ཞིང་ལས་དང་། ལྗང་མདོག་ནུས་རྒྱུ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལའང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། ཧ་སག་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་གི་ཡོད་ལ། ཀྲུང་གོའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླའང་ཡིན། ཀྲུང་གོ་དང་མཛའ་གྲོགས་འཐབ་ཇུས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ནི་ཧ་སག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སྔོན་ལ་ལག་ལེན་བསྟར་བའི་འཐབ་ཇུས་ཤིག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱུན་འཁྱོངས་བྱེད་པའི་ཞི་བདེའི་ཕྱི་འབྲེལ་གྱི་འདུ་ཤེས་དང་དེ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་ཀྱང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཧ་སག་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མུ་མཐུད་མཉམ་དུ་བསྐྲུན་ཏེ། ཕྱོགས་གཉིས་པོའི་ཚོང་དོན་གྱི་དངུལ་འབོར་ལྡབ་འཕར་གྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་དང་། ཞིང་ལས་དང་། དཔལ་འབྱོར་ཚོང་དོན། ནུས་རྒྱུ་གསར་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་སག་སི་ཐན་དང་ཀྲུང་གོའི་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་ཁང་བཙུགས་ཏེ་སང་ལོའི“ཀྲུང་གོའི་ཡུལ་སྐོར་ལོ”ཧུར་ཐག་གཉེར་ནས་རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་མཉམ་ལས་དང་སློབ་གསོ་དང་དེ་བཞིན་རིག་གནས་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་སྐྱོང་ནང་མུ་མཐུད་ཧུར་ཐག་ཞུགས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པ་དང་འབྲེལ་དཔལ་འབྱོར་ཚོང་དོན་དང་། ཕན་ཚུན་སྦྲེལ་མཐུད། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བཅུ་གྲངས་ཁ་ཤས་བརྗེ་རེས་བྱས་པའི་དཔང་པོའང་གནང་བ་རེད།
ཉིན་དེའི་ཉིན་དགུང་ཞི་ཅིན་ཕིང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་འཚོགས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་གཟབ་རྒྱས་ལ་ཞུགས་པ་རེད།
(སྤེན་ཚེ་དང་། ཚེ་བརྟན། དབང་སྒྲོན་བཅས་ཀྱིས་སྒྱུར་ཞུས་བྱས)