《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

ཆ་འཕྲིན་དུས་རབས་སུ་བོད་ཡིག་ལ་བཀྲག་མདངས་རྒྱས་པར་བྱེད།

འདི་ནི་ཉི་མ་བཀྲ་ཤིས་ཀྱིས་བོད་ཡིག་ཆ་འཕྲིན་མ་ལག་བཟོ་བའི་འབྲེལ་ཡོད་ལག་རྩལ་དཔྱད་གཞིར་ལྟ་བཞིན་པ། 2023ལོའི་ཟླ་11ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ། བོད་ལྗོངས་སློབ་ཆེན་བཟོ་ལས་ཚོད་ལྟ་ཁང་གི་ཐོག་སོ་དང་པོའི་གཞུང་ལས་ཁང་དུ་འབུམ་རམས་ཞིབ་འཇུག་སློབ་མ་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་སློབ་གྲོགས་ཚོ་བྲེལ་བྲེལ་འཚུབ་འཚུབ་ངང་ཀྲུང་གོ་བཟོ་སྐྲུན་ཁང་གི་གཞུང་ཕྱོགས་དྲ་ཚུགས་ཡང་ནས་ཡང་དུ་ཁ་ཕྱེ་ནས་བསྡད། རེ་སྒུག་བྱེད་པའི་ཁྲོད་དྲ་ཚིགས་སུ་ཆ་འཕྲིན་ཞིག་བཏང་བ་སྟེ། དེ་ནི《ཀྲུང་གོ་བཟོ་སྐྲུན་ཁང་གི་2023ལོའི་ཡོན་ཧྲི་སྣོན་འདེམས་དང་བདམས་ཐོན་བྱུང་བའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཡིན་པ་རེད། “བདམས་འདུག རྒན་ལགས་བདམས་འདུག”རྡོ་རྗེ་བཀྲ་ཤིས་ཀྱིས་སྤྱི་བསྒྲགས་ཁྲོད་ནས་རྒན་ལགས་ཀྱི་མཚན་ལམ་སེང་མཐོང་། གཏམ་བཟང་དེ་ཐོས་མ་ཐག་ཚང་མ་དགའ་ཐག་ཆོད་ནས་དགའ་འབོད་ཡང་ཡང་བྱས། སློབ་མ་ཚོས་ཤོད་པའི་དགེ་རྒན་ཆེ་མོ་བ་ནི་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་ཡོན་ཀྲང་དང་། དགེ་རྒན་ཆེ་མོ་བ། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཡིན་པའི་ཉི་མ་བཀྲ་ཤིས་རེད། ཉི་མ་བཀྲ་ཤིས་ཀྱིས་ཡུན་རིང་བོད་ཡིག་ཆ་འཕྲིན་མ་ལག་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ཅན་གྱི་བཀོལ་སྤྱོད་བྱས་ནས། ཀྲུང་གོའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་གསར་གཏོད་བྱས་པས་ཁོང་ལ“བོད་ཀྱི་ITཡི་ཡབ་ཆེན”དུ་གྲགས། “དགེ་རྒན་ཆེ་མོ་བར་བདམས་ཐོན་བྱུང་བ་ནི་མིང་མཐུན་མཚུངས་པ་ཞིག་རང་རེད”ཉི་མ་བཀྲ་ཤིས་ཀྱིས་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཁྲོད་དཀའ་སྤྱད་འབད་བརྩོན་གནང་བར་དངོས་སུ་བདེན་དཔང་བྱེད་མཁན་དགེ་སློབ་ཚོས་བལྟས་ན་འབྲས་བུ་དེ་ནི་ཐོབ་དགོས་ངེས་ཡིན་པའི་ངོས་འཛིན་བྱས། སེམས་ཀྱི་ཞིང་སར“རྩིས་འཁོར”གྱི་ས་བོན་བཏབ་པ། ཉི་མ་བཀྲ་ཤིས་1964ལོར་ལྷ་སར་སྐྱེས། ཁོང་སྐྱེས་པའི་ལོ་གཉིས་པར་བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས་པ་རེད། ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པར་ལས་རིགས་ཚང་མ་དེ་ཙམ་དར་རྒྱས་མེད་པ་ནས་རིམ་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བར་གྱི་བརྒྱུད་རིམ་ཚང་མ་བརྒྱུད་མྱོང་ཡོད། ཕ་མེས་ཚོ་དང་མི་འདྲ་བར་དུས་རབས་དེ་འདྲ་ཞིག་གི་ནང་འཚོ་བ་སྐྱེལ་བཞིན་པའི་ཉི་མ་བཀྲ་ཤིས་ལ་ཅུང་འཐུས་སྒོ་ཚང་བའི་དེང་རབས་ཀྱི་སློབ་གསོ་དང་ལེན་བྱེད་རྒྱུ་བྱུང་ཡོད། (པར་ངོས་གསུམ་པར་གཟིགས)

དེ་ལྟར་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་ཉི་མ་བཀྲ་ཤིས་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་རྩིས་འཁོར་ཆེད་ལས་ལ་ཚུད། “ངའི་ཤེས་བྱའི་ཆུ་ཚད་སློབ་གྲོགས་གཞན་དང་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་འདུག འོན་ཀྱང་ངས་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་ལ་ལྷོད་གཡེང་ནི་དེ་བས་གཏན་ནས་བྱེད་མི་རུང”ཉི་མ་བཀྲ་ཤིས་ཀྱིས་ཨམ་གཙིགས་བསྡམས་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་པས་སྦྱངས་པ་མཐར་ཕྱིན་ནས་བོད་དུ་ལོག

བོད་ཡིག་ཕབ་འཇུག་མ་ལག་ཞིབ་འཇུག་གསར་སྤེལ་ཐོག་མར་བྱེད་འགོ་བརྩམས་པ།

1988ལོར་ཉི་མ་བཀྲ་ཤིས་སློབ་ཆེན་ཐོན་ནས་བོད་དུ་ལོག་སྟེ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བྱས།

སྐབས་དེ་དུས་བོད་ལྗོངས་སློབ་ཆེན་ལ“རྩིས་འཁོར”དང་འབྲེལ་བ་ཡོད་པའི་སྡེ་ཚན་གཅིག་མ་གཏོགས་མེད། དེ་ནི་རྩིས་འཁོར་སློབ་དཔྱོད་ཁང་ཡིན། དེ་རྩིས་རིག་ཚན་ཁག་གི་ཁོངས་སུ་གཏོགས་པ་དང་། དེ་གར་སྤུན་ཟླའི་མཐོ་སློབ་ཀྱིས་ཞལ་འདེབས་ཕུལ་བའི་ཅུང་སྔོན་ཐོན་གྱི་གློག་ཀླད་ཁ་ཤས་ཡོད།

གོ་སྐབས་ནི་གྲ་སྒྲིག་ཡོད་མཁན་ལ་ཐོབ་ཟེར་བ་ལྟར་སྟེས་དབང་གི་གོ་སྐབས་ཤིག་ལ་ཉི་མ་བཀྲ་ཤིས་ཀྱིས་བོད་ལྗོངས་སློབ་ཆེན་གྱི་མི་དོན་དོ་དམ་ཚང་མ་མི་ཐབས་ལ་བརྟེན་གྱི་ཡོད་པ་ཤེས། མི་དོན་དོ་དམ་མ་ལག་གམ་ཡང་ན་གླ་ཕོགས་དོ་དམ་མ་ལག་ཅིག་ཞིབ་འཇུག་གསར་སྤེལ་བྱེད་ཐུབ་བམ་སྙམ་བཞིན་ཉི་མ་བཀྲ་ཤིས་ཀྱིས་ཚོད་ལྟ་བྱ་རྒྱུའི་ཐག་བཅད།

ཕྱིས་སུ་བོད་ལྗོངས་སློབ་ཆེན་དུ་ཉི་མ་བཀྲ་ཤིས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་མ་ལག་བེད་སྤྱོད་བྱས་པ་མ་ཟད། གླ་ཕོགས་དོ་དམ་མ་ལག་གི་སྟབས་བདེའི་བཀོལ་སྤྱོད་བྱེད་སྟངས་དེ་བོད་ཀྱི་ཚན་པ་མི་ཉུང་བ་ཞིག་ཏུ་ཁྱབ་གདལ་མགྱོགས་མྱུར་བྱུང་ཡོད། མ་ལག་དེ་གྲུབ་འབྲས་ཐོབ་པའི་ངང་བཀོལ་སྤྱོད་ཐུབ་པས་ཉི་མ་བཀྲ་ཤིས་ཀྱི་གདེང་ཚོད་ཆེ་རུ་སོང་ཡོད། དེ་རྗེས་ཁོང་གིས་མཉེན་ཆས་མ་ལག་ཆུང་ངུ་གསར་སྤེལ་བྱེད་འགོ་བཙུགས་པ་དང་འབྲེལ་རྒྱུན་གཏན་གྱི་སློབ་ཁྲིད་དང་ལས་ཀའི་ཐད་སྤྱད་ཡོད།

ཉི་མ་བཀྲ་ཤིས་ཀྱིས་བོད་དུ་མཉེན་ཆས་གསར་སྤེལ་བྱེད་པའི་དགོས་མཁོ་ཆེ་ཤོས་ཀྱི་གྲས་ཤིག་ནི་བོད་ཡིག་ཕབ་འཇུག་བྱེད་ཐབས་ཡིན་པ་ཤེས་མོད། འོན་ཀྱང་སྐབས་དེ་དུས་གློག་ཀླད་ནང་བོད་ཡིག་ཕབ་འཇུག་བྱེད་བདེ་པོ་མེད།

“གློག་ཀླད་ནང་བོད་ཡིག་ཕབ་འཇུག་བྱེད་པར་བོད་ཡིག་ཕབ་འཇུག་གི་མཉེན་ཆས་ཤིག་དགོས་ཀྱི་ཡོད། དེ་ནི་ཡི་གེ་ཕབ་འཇུག་མ་ལག་ཁོངས་སུ་གཏོགས་ཀྱི་ཡོད”ཅེས་ཉི་མ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད། སློབ་ཆེན་ནས་རྩིས་འཁོར་སྦྱོང་བ་ནས་སྟབས་བདེའི་བཀོལ་སྤྱོད་གསར་སྤེལ་བྱེད་པའི་བར་ཁོང་གིས་སྦྱངས་པ་ནི་རྒྱུན་དུ་སྤྱོད་པའི་རྩིས་འཁོར་གྱི་ཤེས་བྱ་ཙམ་རེད། འོན་ཀྱང་བོད་ཡིག་ཕབ་འཇུག་གི་མཉེན་ཆས་གསར་སྤེལ་བྱེད་དགོས་ན་ཡི་གེ་ཕབ་འཇུག་མ་ལག་གི་འབྲེལ་ཡོད་ཤེས་བྱ་བྱང་ཆུབ་པོ་དགོས་ཀྱི་ཡོད། དེ་དུས་ཉི་མ་བཀྲ་ཤིས་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར།

ཉི་མ་བཀྲ་ཤིས་ཀྱིས་སླར་ཡང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་དེབ་ཁང་དུ་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱས་པ་དང་འབྲེལ་དེ་སྔའི་སློབ་གྲོགས་དང་རྒན་ལགས་དང་ཡང་འབྲེལ་བ་བྱས། ད་དུང་གང་སར་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ནས་མཐར་ཡི་གེ་ཕབ་འཇུག་མ་ལག་ཞིབ་འཇུག་ཐུབ་ནས་གློག་ཀླད་ནང་བོད་ཡིག་ཕབ་འཇུག་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད།

མ་ལག་དེ་བཀོལ་སྤྱོད་བདེ་བླག་ཐུབ་པས་ཉི་མ་བཀྲ་ཤིས་བོད་ཡིག་ཆ་འཕྲིན་ཁྱབ་ཁོངས་སུ་སྐད་གྲགས་ཆོད།

འགན་འཁྲི་ལྕི་པོ་ཁུར་ནས་བོད་ཡིག་ཨང་སྒྲིག་འབྲུ་རྟགས་ཀྱི་རྒྱལ་སྤྱིའི་ཚད་གཞི་བཟོས་པ།

ཡུན་རིང་མ་སོང་བར་ཉི་མ་བཀྲ་ཤིས་ལ་དཀའ་གནད་གསར་པ་ཞིག་འཕྲད།

སྐབས་དེ་དུས། ཉི་མ་བཀྲ་ཤིས་ཀྱིས་བོད་ཡིག་ཕབ་འཇུག་མཉེན་ཆས་གསར་སྤེལ་བྱེད་པ་ཙམ་མ་ཟད། གཞི་ཁྱོན་ཅུང་ཆེ་བའི་ཀུང་སི་གཞན་དག་གིས་ཀྱང་འབྲེལ་ཡོད་མཉེན་ཆས་གསར་སྤེལ་བྱེད་བཞིན་ཡོད། བོད་ཡིག་གི་ཆ་འཕྲིན་བརྗེ་རེས་ཚབ་ཨང་གི་ཚད་གཞི་གཅིག་གྱུར་མིན་པའི་དབང་གིས་ལས་ཁུངས་མི་འདྲ་བས་གསར་སྤེལ་བྱས་པའི་མཉེན་ཆས་ལ་ཆ་འཕྲིན་མཉམ་སྤྱོད་བྱེད་ཐབས་བྲལ། ཉི་མ་བཀྲ་ཤིས་དེའི་ཐད་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་སྐབས་ཆ་འཕྲིན་བརྗེ་རེས་ཐད་སྤྱོད་པའི་བོད་ཡིག་ཨང་སྒྲིག་གི་འབྲུ་རྟགས་ཡིག་སྒྲོམ་གྱི་ཚད་གཞི་ཞིབ་འཇུག་དང་བཟོ་བའི་ལས་འགན་འབྱོར། སྐབས་དེ་དུས་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས(ISO)ཀྱིས་འཛམ་གླིང་ཁྱབ་ཁོངས་ནང་གི་བཀོལ་སྤྱོད་བྱེད་བཞིན་པའམ་ཡང་ན་དེ་སྔ་ཐོན་མྱོང་བའི་ཡི་གེ་ཚང་མར་གོ་ལ་ཧྲིལ་པོའི་ཚད་གཞི་བཟོ་བཞིན་ཡོད། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་བོད་རང་སྐྱོང་ལྗོངས་ཀྱིས་ཆ་འཕྲིན་བརྗེ་རེས་ཐད་སྤྱོད་པའི་བོད་ཡིག་གི་ཨང་སྒྲིག་ཚད་ལྡན་ཅན་དུ་འགྱུར་བའི་ལས་འགན་ཁུར་བ་རེད།

ལས་འགན་དེ་བླངས་རྗེས། ཉི་མ་བཀྲ་ཤིས་ཀྱིས་དོར་ཐབས་མེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་པའི་སྣེ་ཁྲིད་དེ་ISOཡི་དཔྱད་གཞིའི་ཚད་ལྡན་ཡིག་ཆ་རབ་དང་རིམ་པ་སློབ་སྦྱོང་དང་ཤེས་རྟོགས་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་ཇུས་གཞིར་ཞིབ་འཇུག་བྱས་པ་རེད། སྐབས་དེ་དུས་རྒྱལ་ཁབ་གཞན་དུའང《ཆ་འཕྲིན་བརྗེ་རེས་ཐད་སྤྱོད་པའི་བོད་ཡིག་ཨང་སྒྲིག་གི་འབྲུ་རྟགས་ཡིག་སྒྲོམ》གྱི་རྒྱལ་སྤྱིའི་ཚད་གཞིའི་འབྲེལ་ཡོད་ཞིབ་བཟོའི་ལས་དོན་སྤེལ་འགོ་ཚུགས་ཡོད། སྤུས་ཚད་མཐོ་བའི་ཚད་གཞིའི་གྲོས་གཞི་སྔ་ཙམ་འབུལ་ཆེད། ཉི་མ་བཀྲ་ཤིས་དང་ཚོགས་པའི་ཁོངས་མི་ཚོས་ཉིན་མཚན་བལྟོས་མེད་ཀྱིས་ཚད་གཞིའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་འབྲེལ་ISOཡི་འབྲེལ་ཡོད་ལས་ཁུངས་ལ་གྲོས་གཞི་རྒྱུན་ཆད་མེད་པར་ཕུལ་བ་རེད།

ལོ་བཞི་ཙམ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་ཞིབ་བཟོ་བྱས་པའི《ཆ་འཕྲིན་བརྗེ་རེས་ཐད་སྤྱོད་པའི་བོད་ཡིག་ཨང་སྒྲིག་གི་འབྲུ་རྟགས་ཡིག་སྒྲོམ》ཞེས་པའི་གྲོས་གཞི་འདི་1997ལོའི་ཟླ་7པར་ཀེ་རི་སེར་འཚོགས་པའི་WG2ཚོགས་འདུ་སྐབས་33པ་དང་SC2ཚོགས་འདུར་དངོས་སུ་གྲོས་འཆམ་བྱུང་ནས《ཀུན་འཕྲོད་བརྒྱད་འཐོལ་ཨང་སྒྲིག་གི་འབྲུ་རྟགས་ཡིག་སྒྲོམ》གྱི་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞིར་གྱུར་ནས་བོད་ཡིག་དེ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཡི་གེའི་ཁྲོད་ནས་རྒྱལ་སྤྱིའི་འབྲེལ་ཡོད་ཚད་གཞི་ལྡན་པའི་ཡི་གེ་དང་པོར་གྱུར་པ་རེད།

(རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)