འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཕྱུཊ་རིགས་བཤས་གཏོང་བའི་ལས་དོན་ཧུར་ཐག་སྤེལ་ནས་འབྲོག་ལས་འཕེལ་རྒྱས་བཏང་སྟེ་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ཤང་ཡོངས་ནས་ཕྱུགས་རིགས་མགོ་གྲངས་1637བཤས་བཏང་སྟེ་ཡོང་འབབ་སྒོར་ཁྲི་172.8ལྷག་ཙམ་བཏོད་པ་རེད།
འཕྲང་སྒོ་ཤང་གིས་བརྟག་དཔྱད་གཏིང་ཟབ་དང་། ཆེད་ལས་ཀྱི་གྲངས་གཞིར་དབྱེ་ཞིབ། དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་བཤས་གཏོང་བའི་འཆར་གཞི་བཟོས་པ་བཅས་ཀྱི་རྨང་གཞིའི་ཐོག་འབྲེལ་མཐུད་དང་ཕྱོགས་མང་མཐུན་སྦྱོར་ཧུར་ཐག་བྱས་ཏེ“ཕྱིར་གཏོང་ཐབས་ལམ་གཉིས་དང་ནང་འཚོང་ཐབས་ལམ་གཅིག”གི་བྱེད་ཐབས་སྤྱད་ནས(འབྲོང་པ་རྫོང་གི་ལེགས་རྩེ་འགག་སྒོ་དང་དུད་པ་རོང་ཚོང་འདུས་བརྒྱུད་ནེ་པ་ལར་ཕྱིར་འཚོང་བྱེད་པ་དང་། གཞིས་རྩེ་གྲོང་ཁྱེར་ཀོང་ཁྲེང་ཀུང་སི་དང་མཉམ་ལས་བྱས་ནས་ཐད་ཀར་སྒོ་རྩ་ནས་ཉོ་བ)ཕྱུགས་ཟོག་བཤས་བཏང་མ་ཐག་ཁྲོམ་རར་བཏོན་ཐུབ་པར་འགན་ལེན་བྱས་ནས་ས་གནས་དེ་གའི་མང་ཚོགས་འབྲོག་ལས་འཕེལ་རྒྱས་ནང་ཞུགས་པའི་སེམས་ཤུགས་འཕེལ་བར་བྱས་པ་རེད།