ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཁོངས་གཏོགས་ཁུལ་གྱི་མདོག་གསུམ་མཚོ་མཛེས་ལྗོངས་ཁུལ་དང་། ཤར་གངས་ལ་འཁྱག་རོང་། གོང་དཀར་འཁྱག་དོང་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ“ཏང་འཛུགས་སྐྱོང་+”ཀྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་པས། སྐྱེ་ཁམས་ལ་བརྟེན་ནས་དུད་ཚང་ཚང་མ་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་ཡོད།
“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཞུགས་པ”བཅས་མཐའ་འཁྱོངས་ཀྱིས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཇུས་འགོད་བཀོད་སྒྲིག་ནན་ཏན་དང་སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱས་ཡོད། 2023ལོ་ཚུན་དུ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་། ཏང་འཛུགས་སྐྱོང་གིས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད། ཏང་འཛུགས་སྐྱོང་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་ཁྲིད་སྟོན་སོགས་ཀྱི་འབྲེལ་ཡོད་ཚོགས་འདུ་ཐེངས་20ལྷག་ཙམ་སྔ་རྗེས་སུ་འཚོགས་ཏེ་ཏང་དམངས་ཞབས་ཞུ་ས་ཚིགས་དང་། ཡུལ་སྐོར་བའི་སྣེ་ལེན་ཁང་། སྒར་རྒྱག་རྟེན་གཞི་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཡུལ་སྐོར་ས་ཚིགས་སུ་ཡུལ་སྐོར་བའི་གཱ་ཐོ་འགོད་སའི་གྱང་དང་། མིང་རྟགས་འགོད་སའི་གྱང་། དབྱང་རླུང་རྔུབ་ཁུལ་སོགས་འཛུགས་པ་དང་། གྲོང་མིར་དམངས་སྲོལ་གནས་ཚང་དང་། ཇ་ཁང་། ཚོང་ཁང་ཆུང་ཆུང་སོགས་ལ་བརྟེན་ནས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ནས“འཕེལ་རྒྱས་ཀྱི་ལམ་བུ་ཡོད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། མང་ཚོགས་ཧུར་ཐག་ཞུགས་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། 2023ལོའི་ཟླ་10པ་ཚུན་དུ། ཕུ་ཡུལ་གྲོང་ཚོ་དང་པོས་ཡུལ་སྐོར་བ་མི་ཐེངས་ཁྲི་2.3ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་ནུས་པ་འདོན་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཞུགས་པའི“བཀྲ་ཤིས་མེ་ལྕེ་ཞབས་ཞུའི་རྐང་འཁོར་རུ་ཁག”དང“ལ་ལུང་བརྒྱབ་ནས་འཁྱག་དོང་ལ་བལྟ་བ”སོགས་ཀྱི་ཡུལ་སྐོར་ཞབས་ཞུའི་སྤུས་རྟགས་བཏོད་པས། གྲོང་ཚོ་ཏང་ཀྲི་པུའུ་ཡི་འཐབ་འཛིང་ནུས་པ་དང་། འགོ་ཁྲིད་ནུས་པ། འབོད་སྐུལ་ནུས་པ་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ། གྲོང་ཚོའི་ལས་དོན་ནང་ཞུགས་པའི་ཡུལ་མིའི་ཧུར་སེམས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར། གྲོང་ཚོའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གིས་རིམ་རྩིས་བྱས་ན་མཛེས་ལྗོངས་ཁུལ་ལ་གཙང་སྦྲ་ཐེངས་110ལྷག་ཙམ་བྱས་པ་དང་། ཡུལ་སྐོར་བར་བློ་འདྲིའི་ཞབས་འདེགས་ཐེངས་320ལྷག་ཙམ་ཞུས་ཡོད།
གཞན་ཡང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། གྲོང་ཚོའི་ཏང་ཀྲི་པུས་ད་དུང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་གོ་སྐབས་སུ་བྱེད་པ་དང་དཔལ་འབར་གྲོང་རྡལ་གྱི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས“དཔལ་འབར་རྫོང་འཁྱགས་རོམ་མཚོའི་གླ་ཚེར་ར་ནག་པོ་གསོ་ཚགས་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང”དེ་ཏང་འཛུགས་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྣེ་ཁྲིད་བྱས་པ་རེད། ར་ནག་པོའི་ཁྱད་ལྡན་ཐོན་ཁུངས་གང་ལེགས་སྤྱད་དེ“ར་ཤ་ཟ་བ་དང་སྒོར་གཞས་ལ་ལྟ་བའི”སྤུས་རྟགས་ཀྱི་ཁྱད་ཆོས་བཏོད་ནས་ར་ནག་པོའི་ཤ་དང་། ཤ་ཁོག་བསྲེགས་པ། བོད་གྲོའི་བག་ལེབ་སོགས་ཁྱད་ལྡན་ཞིམ་ཟས་སྣ་ཁ་རིགས་མི་འདྲ་བ་10ལྷག་ཙམ་བཏོན་པས། ཡུལ་སྐོར་བས་མཛེས་ལྗོངས་ལ་རོལ་བ་དང་ཆབས་ཅིག གདོད་མའི་སྐྱེ་ཁམས་ཀྱི་བོད་ཟས་རིག་གནས་ལ་ཉམས་ལེན་གཏིང་ཟབ་བྱེད་ཐུབ། དེ་དང་ཆབས་ཅིག ཡུལ་མིས་སྔོ་ཚལ་འདེབས་འཛུགས་དང་རི་སྐྱེས་སྔོ་ཚལ་སྔོག་འཐུ་སོགས་ཀྱི་རྣམ་པར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་ནང་ཞུགས་ཏེ་ཡོང་འབབ་མང་དུ་གཏོང་བར་ལྕག་སྐུལ་བྱས་ཏེ“ལྷད་མེད་ཟ་མ་ཟ་བ་དང་ས་གནས་དེ་གའི་ཟ་མ་ཟ་བ”དེས་ཡུལ་སྐོར་ཉམས་ལེན་གསར་པར་གྱུར་ནས་ས་ཁོངས་གཅིག་གིས་གཟི་བརྗིད་བརྩོན་ལེན་བྱེད་པ་དེས་ས་ཁོངས་ཡོངས་ལ་གཟི་བརྗིད་བསྣན་པའི་ཕན་འབྲས་ཐོན་ཡོད། མིག་སྔའི་བར། གྲོང་ཚོ་དེའི་ཁྱད་ལྡན་ཡུལ་སྐོར་གྱིས་ཡུལ་མི་125ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་ཡོང་འབབ་སྒོར་ཁྲི་645ལྷག་ཙམ་བཏོད་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.7ལྷག་ཙམ་འཕར་ཡོད་པ་རེད། (ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)