འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཞིང་འབྲོག་སློབ་གླིང་བཅས་སུ“བོད་ཀྱི་དཔེ་སྒྲོམ”སྒྲིག་པའི་བྱེད་སྒོ་ལྷ་སར་སྤེལ་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་ཚོགས་འདུར་ཞུགས་པ་རེད།
བྱེད་སྒོ་སྤེལ་རིང་རང་ལྗོངས་ཀྱི་འབྲེལ་ཡོད་དཔེ་སྐྲུན་ཚན་པས་སློབ་ཆེན་4ལ་རིན་ཐང་སྒོར་ཁྲི་50ལྷག་ཙམ་རི་བའི་ལྗོངས་ནང་ཁུལ་གྱི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་5552ཞལ་འདེབས་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཀྱི་དཔེ་སྒྲོམ”བསྒྲིགས་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་མཐོ་སློབ་ཀྱི་རིག་གཞུང་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། དགེ་སློབ་ལ་རིག་གནས་ཀྱི་ལྟ་ཕྱོགས་མི་འདྲ་བ་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱེད་པ། དགེ་སློབ་ཀྱི་མཉམ་འགུལ་དང་གསར་གཏོད་དང་། བསམ་གཞིག་དང་གསར་རྩོམ་གྱི་སྤྲོ་སེམས་འཕེལ་བར་བྱེད་པ། སྒོ་དབྱེ་བསྟུན་མཁས་ཀྱི་བསམ་བློ་ཡོད་པ་དང་རང་མོས་དང་རང་འགུལ་ངང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ནང་ཞུགས་པའི་ཕུགས་བསམ་ཡོད་པའི་གཞོན་ནུ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཏེ་ཤེས་དཔལ་རྒྱུན་མཐུད་དང་། བློ་རིག་འཕེལ་བ། རིག་གནས་ཀྱི་གདེང་ཚོད་བརྟན་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་ཆེད་རེད།