འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་29ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་གཏོད་ཀྱི་ཚད་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་ཀྱི་གོ་རིམ་སྟབས་བདེ་རུ་དང་ལེགས་སུ་བཏང་སྟེ་འཛུགས་གཏོད་དོ་དམ་ཞིབ་ཚགས་ཅན་དང་། ཚད་ལྡན་ཅན། ཚན་རིག་དང་མཐུན་པ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས《རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་དཔྱད་ཞིབ་ཀྱི་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དང་འབྲེལ་ཡོད་ཀྱི་ཚད་གཞི་བཀྲམ་ནས་2024ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
《བྱ་ཐབས》ནང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དེ་རང་སྐྱོང་ལྗོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་དཔྱད་ཞིབ་བྱ་རྒྱུ་དང་། ལོ་གསུམ་རེར་དུས་འཁོར་རེ་བྱས་ཏེ་རྩ་དོན་ཐོག་ལོ་གསུམ་པའི་དུས་ཚིགས་བཞི་པར་གཅིག་སྡུད་ཐོག་མིང་འདོགས་རྒྱུ་ཡིན་པ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ད་ལྟ་ལག་ལེན་བསྟར་བཞིན་པའི་འཕྲོད་བསྟེན་གྲོང་ཁྱེར་གྱི་ཚད་གཞིའི་བླང་བྱ་དང་མཐུན་རིགས་གྲོང་ཁྱེར་གྱི་འདུན་ཞུའི་དཔྱད་ཡིག་ཞིབ་དཔྱད་དུས་ཚིགས་ཀྱི་ལོ་དང་པོའི་ཟླ་བ་བཞི་པའི་སྔོན་ལ་རང་སྐྱོང་ལྗོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་ལ་སྐྱེལ་རྒྱུ། ཞིབ་དཔྱད་བྱེད་སྟངས་སུ་དྲ་ཐོག་ནས་ཚོད་སྐོར་དང་། ས་གནས་ས་ཐོག་ཏུ་ཚོད་སྐོར། སྤྱི་ཚོགས་ལ་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་ཚུད་པ། རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་གྱི་མིང་བཏགས་རྗེས་ལོ་གསུམ་རེ་བསྐྱར་ཞིབ་ཀྱི་དུས་འཁོར་རེར་བརྩི་རྒྱུ་ཡིན་པ་བསྟན་ཡོད།
《བྱ་ཐབས》ནང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་རྫོང་དང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ཤང་དང་གྲོང་རྡལ། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཚོ(གྲོང་ལྷན)དག་ས་གནས(གྲོང་ཁྱེར)ཁག་གི་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་ཞིབ་དཔྱད་དང་། རང་སྐྱོང་ལྗོངས་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་ནས་གྲལ་བཤེར་དང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་རྫོང་འདུན་ཞུའི་ཁྱབ་ཁོངས་དེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་གྱི་རྫོང་མིན་པ་དང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ཤང་དང་གྲོང་རྡལ་འདུན་ཞུའི་ཁྱབ་ཁོངས་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་ཤང་དང་གྲོང་རྡལ་མིན་པ། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཚོ(གྲོང་ལྷན)འདུན་ཞུའི་ཁྱབ་ཁོངས་སྲིད་འཛིན་གྲོང་ཚོ་ཁོ་ན་ཡིན་དགོས་པ་བཅས་ཁ་གསལ་བསྟན་ཡོད།
《བྱ་ཐབས》ནང་། རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་བྱེད་པར་དྲ་ཐོག་ནས་ཚོད་སྐོར་དང་ས་གནས་ས་ཐོག་ནས་ཚོད་སྐོར་བྱེད་པའི་རྣམ་པ་སྤྱོད་དགོས་པ་དང་། ས་གནས་ས་ཐོག་ནས་ཚོད་སྐོར་བྱེད་པར་མངོན་བཤེར་རམ་ཡང་ན་ལྐོག་ཞིབ་བྱས་ཏེ་མངོན་བཤེར་དང་ལྐོག་ཞིབ་ཀྱི་བསྡུར་ཚད་དེ་རྩ་དོན་ཐོག་1:2ཡིན་དགོས་པ། ཞིབ་ཕྲའི་ཚོད་སྐོར་བྱེད་སྟངས་སྐབས་བསྟུན་གཏན་འཁེལ་བྱེད་དགོས་པ། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་རྫོང་དང་། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ཤང་དང་གྲོང་རྡལ། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཚོ(གྲོང་ལྷན)བཅས་ལ་བསྐྱར་ཞིབ་བྱ་རྒྱུ་དེ་ས་གནས(གྲོང་ཁྱེར)ཁག་གི་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྐྱར་ཞིབ་བླང་བྱ་ལྟར་རང་འགུལ་ངང་བཟོ་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)