ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་དམངས་སྲིད་ཐིང་སོགས་ཕྱོགས་བསྡུས་ལྟ་སྐུལ་ཚན་པ་4ལ་བསྐྱོད་ནས་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ལྟ་སྐུལ་བྱས་ཏེ། ཕྱོགས་བསྡུས་ལྟ་སྐུལ་ཚན་པའི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས། ལས་རིགས་རང་བཞིན་གྱི་སྤྱོད་ཚུལ་གནད་དོན་ལ་བརྒྱུད་རིམ་ལྡན་པའི་ངང་ཡོ་བཅོས་བྱས་པ་རེད།
ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་བླང་བྱ་ཁ་གསལ་པོ་བཏོན་ནས“རྒྱུན་རྣམ་དང་ཕུགས་ཕན་མངོན་གསལ་དོད་དུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི”ལས་འགན་བཀོད་སྒྲིག་བྱས་ཡོད། བོད་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་ལས་དོན་དང་དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་ཁྲོད་ཁྱབ་པར་སྐུལ་འདེད་བཏང་སྟེ། ཡོ་བསྲང་དང་འཛུགས་གཏོད་གལ་ཆེ་མཉམ་འཛིན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་བ་རེད།
བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཡུལ་ཕྱོགས་སྟོན་དུ་འཛིན་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ《རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་2024ལོའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པའི་རྨང་གཞིའི་ཐོག་ཕྱོགས་6གི་ཞིབ་ཕྲའི་ནང་དོན་གྱི་དོན་ཚན་19ཞིབ་ཚགས་སུ་བཏང་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་དུ་བརྩིས་ཁར། ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་གནད་དོན་དག་ཐེར་ཐད་མུ་མཐུད་སྐུལ་འདེད་བཏང་བ་རེད།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དུས་མཚུངས་སུ་དུས་ཆེན་དང་གུང་གསེང་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ཞུ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“རྒྱུན་གཏན་ནས་ལྟ་སྐུལ་མཛུབ་ཁྲིད་དང་འཕེལ་རིམ་ལ་ཞིབ་བཤེར་དང་། དུས་ཚིགས་རེར་ཞིབ་ཐོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལོ་ཕྱེད་ནང་ཕན་ཚུན་ཧེ་བག་འཚོལ་བ། ལོ་འཁོར་ལ་དཔྱད་ཞིབ་བྱས་ནས་ཕན་འབྲས་འདྲི་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་བརྒྱུད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཆེད་དོན་བཅོས་སྒྲིག་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དེ་ལས་ཁུངས་ཏང་འཛུགས་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་པས་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ནང་དོན་དུ་བརྩིས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
“ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་ནས་བལྟས་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ད་དུང་ངོས་འཛིན་ལ་ནོར་འཛོལ་ཡོད་པ་དང་ལག་བསྟར་གནད་ལ་འཁེལ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། དེའི་ནང་གཞུང་འཁོར་བེད་སྤྱོད་ཚད་ལྡན་མེད་པའི་སྣང་ཚུལ་མངོན་གསལ་དོད་ཙམ་འདུག”རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་རྒྱུན་གཏན་གྱི་གཞུང་འཁོར་དོ་དམ་དང་ལྟ་སྐུལ་གྱི་གནད་དོན་ལ་དམིགས་ཏེ། ཕྱོགས་བསྡུས་ལྟ་སྐུལ་ཚན་པར་གཞུང་འཁོར་གྱི་དོ་དམ་གཏན་འབེབས་དང་ཁ་ལོ་བའི་དོ་དམ་བྱེད་ཐབས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་མ་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་བསྐྱར་བསྒྲགས་བྱས་ནས་ཁག་བགོས་འགན་གཉེར་འགོ་ཁྲིད་དང་འགན་འཁུར་བ་ཁ་གསལ་བཟོས་ཏེ། གཞུང་འཁོར་བེད་སྤྱོད་དང་དོ་དམ་གྱི་ཞིབ་ཕྲའི་གཏན་འབེབས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
སྤྱོད་ཚུལ་འཛུགས་སྐྱོང་ནི་གོ་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་། སྒྲུབ་མུས་ཡིན་པ་ལས་ནམ་ཡང་ཚར་དུས་མེད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆབ་སྲིད་ལ་ལྟ་སྐུལ་ཏན་ཏིག་གིས་སྤྱོད་ཚུལ་འགྱུར་ལྡོག་ལ་སྐུལ་ཁྲིད་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་གཙོ་བོར་བཟུང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་40ལྷག་ཙམ་བྱས་པ་དང་། ལག་བསྟར་དོན་འཁྱོལ་མ་བྱུང་བ་དང་། བབ་བསྟུན་འགྱུར་ལྡོག་གཏོང་བ། འཐེན་སྐུམ་བྱེད་པ་སོགས་ཀྱི་གནད་དོན་ཁག་5ཡི་མི་11ལ་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་མི་9ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་མི་2ལ་རྩ་འཛུགས་ནས་ཐག་གཅོད་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བའི་ཕྱི་ཚུལ་རིང་ལུགས་ལ་ཡོ་བཅོས་བྱེད་པར་དམིགས་པ་དང་ཚན་པ་དང་སྡེ་ཚན་ཁག་གཅིག་གི“གྱང་ལྡེབས་རིག་གནས”ཀྱི་ཕྱི་ཚུལ་རྣམ་པ་གཉེར་བ་དང་དོན་དངོས་མི་གཉེར་བ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“གྱང་ལྡེབས་ཀྱི་ཕྱི་ཚུལ་རིང་ལུགས”ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ནག་ཆུ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚོགས་སྲོལ་ལྟ་སྐུལ་གྱི“འཇུག་སྒོ་ཆུང་ངུ”ལས་སྒྲོལ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི“ལེགས་བཅོས་ཆེན་པོར”སྐུལ་འདེད་གཏོང་བ་དང་། “མིང་བཏོན་བརྡ་ཁྱབ་དང་། མཉམ་སྡེབ་བསྐོང་འདྲི། དྲན་སྐུལ་གླེང་མོལ”བཅས་ཟུང་དུ་འབྲེལ་བའི་ལྟ་སྐུལ་གྱི་སྣ་འདུས་ཐབས་བཟང་སྤྱད་ནས། སྤྱོད་ཚུལ་ཡག་པོ་མེད་པ་དང་སྒྲིག་ཁྲིམས་ནན་པོ་མེད་པ་ཚོ“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་དུ”བཅུག་པ་དང་། ཚོགས་སྲོལ་དང་ཚོགས་ཁྲིམས་ལས་ཡང་ཡང་འགལ་མཁན་མི་དང་ཚན་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཇི་ཙམ་གྱིས་རྗེས་སུ་ལུས་ཚེ་དེ་ཙམ་གྱིས་སྒྲིག་བསྟར་ནན་དུ་གཏོང་བའི་བརྡ་རྟགས་མུ་མཐུད་བཏང་ཡོད།
“གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་གནས་པའི་དཔེ་མཚོན་གྱི་གནད་དོན་འཚོལ་ཞིབ་གཏིང་ཟབ་ཀྱིས་ཡོ་བསྲང་དང་འཛུགས་གཏོད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།
(བདེ་དབང་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)