《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月30日

དབྱར་གྱི་དཔལ་མོ།

མེ་ཆར།

དབྱར་གྱི་དཔལ་ཡོན་རྒྱས་པའི་ནེའུ་གསེང་དུ། །

མཛེས་སྡུག་མེ་ཏོག་ཕྲ་ཚོམ་བཞད་པའི་ཁྲོད། །

ཡིད་འོང་ཀུ་མུད་ཁྱོད་ཉིད་འཁྲུངས་པ་ཡིས། །

གཡུ་སྦྲང་ང་རང་འཚོ་བའི་རྟེན་གཞི་རྙེད། །

ཚང་ཚིང་ལྗོན་པའི་སྐྱེད་ཚལ་ར་བ་རུ། །

འདབ་ཆགས་བྱིའུ་ཆུང་ཚོགས་ཀྱིས་གསུང་སྙན་སྒྲོག །

གྲེ་འགྱུར་དབྱངས་རྟ་སྙན་མོའི་འགྱུར་ཁུག་དེས། །

དྲན་འཛིན་ཡིད་ཀྱི་བརྟན་པ་ངང་གིས་འཕྲོག །

མེ་ཏོག་འདབ་ལོ་བཀྲ་བའི་སྐྱེད་ཚལ་དུ། །

སྤང་ཁའི་མེ་ཏོག་ཁྲོད་ཀྱི་སེར་ཆེན་ཞིག །

མཛེས་འཛུམ་འདབ་བརྒྱ་དེ་རིང་གྲོལ་བ་ཡིས། །

ཡིད་ཀྱི་མེ་ལོང་རེ་ཞིག་འོད་ཀྱིས་བཀང་། །

དབྱར་གསུམ་སྐྱེད་ཚལ་བཀྲ་བའི་དུས་ཚིགས་འདིར། །

ཡིད་ཀྱི་རྒྱ་སེ་མེ་ཏོག་རྐང་གཅིག་དེ། །

བརྩེ་བའི་སྒེའུ་ཁུང་ངོགས་སུ་བཞད་དུས་འདིར། །

གཡུ་སྦྲང་གཞོན་ནུ་དགའ་བའི་ཟློས་གར་རྩེན། །

སྔོ་ལྗང་འདབ་ལོ་བཞད་པའི་དབྱར་ཁ་དེར། །

མཛེས་སྡུག་རི་མོ་འཛུམ་པའི་ལང་ཚོ་ཅན། །

སྙིང་གི་མེ་ཏོག་སེར་ཆེན་ཁྱོད་འཁྲུངས་པས། །

ང་སེམས་རེ་ཞིག་དགའ་བདེའི་དཔལ་གྱིས་མྱོས། །

སྐྱིད་སྡུག་རེས་མོས་འཁོར་བའི་འཇིག་རྟེན་འདིར། །

དབྱར་ཁའི་མེ་ཏོག་ཁྱོད་ཉིད་བཞད་པ་ཡིས། །

སེམས་ཀྱི་ཟབ་སའི་བར་དུ་དྲོད་ཅིག་འཁྱིལ། །

གླང་ཆེན་མཚོ་ལ་རོལ་འདྲའི་སྐྱིད་སྣང་ཤར། །

གཙང་ཆབ་བཞུར་རྒྱུན་རིང་མོའི་བར་གསེབ་ན། །

གསེར་མིག་ཉ་མོས་རྐྱལ་རྩལ་དེ་རིང་ངོམས། །

དབྱར་ཟླ་འདྲ་བའི་ཁྱོད་ཀྱང་དེ་རིང་བཞད། །

ང་ཡི་འཇིག་རྟེན་འཇའ་ཚོན་སྣ་ལྔས་བརྒྱན། །

བརྩེ་བའི་འཁྲེང་སེམས་རེ་ལ་དྲོད་ཁོལ་རེ། །

དབྱངས་ཀྱི་མགུར་མ་རེ་ལ་ཚོར་བ་རེ། །

བཀྲ་ཤིས་སྨོན་ཚིག་རེ་ལ་ཁ་གཡང་རེ། །

ཁྱོད་ཉིད་རྟག་ཏུ་བདེ་ཞིང་སྐྱིད་པར་སྨོན། །