《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月28日

རིག་གནས་ཀྱི་སྟོན་མོ་བཤམས། འབད་འབུངས་ཀྱི་སྟོབས་ཤུགས་བསྣན།

—— རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོར་སྐུལ་འདེད་གཏོང་བ།

ཉེ་ཆར། བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་འདུ་ཚོགས《བཀྲ་ཤིས་སྙན་དབྱངས》ཞེས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཤིང་། རོལ་དབྱངས་འདུ་ཚོགས་ཐོག་བོད་ཀྱི་ཁྱད་ལྡན་རོལ་ཆ་རེས་མོས་ཀྱིས་དཀྲོལ་ནས་སྲོལ་རྒྱུན་མི་རིགས་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད།

དེ་ནི་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་གང་ལེགས་སྐོང་ཆེད། ཟློས་གར་ཁང་ཆེན་དུ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤེལ་བའི“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་ཐེངས་དང་པོའི་རིམ་སྤེལ་འཁྲབ་སྟོན་གྱི་གྲས་ཤིག་རེད།

“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱིས་སྨོན་འདུན་བཟང་པོ་བཅངས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རླབས་ཆེའི་དུས་རབས་གསར་པ་དང་མཛེས་སྡུག་འབད་འབུངས་ཀྱི་བོད་ལྗོངས་གསར་པར་བསྟོད་གླུ་བླངས་ཡོད།

“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་དེ་འདི་ལོའི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་མཚམས་ཚིགས་སུ་བྱས་ཏེ་སྤེལ་འགོ་ཚུགས་པ་དང་། “ཟླ་མི་རེ་ངོ་རེར་འཁྲབ་སྟོན་དང་དུས་ཚིགས་ཚང་མར་བྱེད་སྒོ་ཡོད་པའི”སྤྱིའི་རྩ་དོན་གཞིར་བཟུང་། དུས་སྟོན་གལ་ཆེན་དང་། དྲན་གསོའི་ཉིན་མོ། ཀྲུང་ཧྭའི་སྲོལ་རྒྱུན་དུས་ཆེན་བཅས་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་རིག་གནས་མཚན་ཚོགས་དང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་ཁྱད་ལྡན་འཁྲབ་སྟོན་ཟླ་བ་ཁྱབ་གདལ་གཏོང་བཞིན་ཡོད།

“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ཆེད་མངགས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། ཁོངས་གཏོགས་སུ་ལས་ཀའི་ཆེད་དོན་ཚན་ཁག་དང་ནང་ཁུལ་དུ་འཁྲབ་སྟོན་བྱེད་སྒོའི་ཚོགས་ཆུང་དང་། དྲིལ་བསྒྲགས་ཁྱབ་གདལ་ཚོཌ་ཆུང་། འགྲེམས་སྟོན་འགྲེམས་ཚོང་ཚོགས་ཆུང་། བདེ་འཇགས་འགན་ལེན་ཚོགས་ཆུང་བཅས་བཙུགས་ནས། “སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

ཟླ་3ཚེས་28ཉིན“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་ཚུན། དུས་ཚིགས་དང་པོར་ཁྱོན་འཁྲབ་སྟོན་ཐེངས་20བྱས་པར་རིམ་རྩིས་བརྒྱབ་ན་ས་ཡུལ་དངོས་སུ་ལྟད་མོ་བ་མི་ཐེངས་ཁྲི་4ཙམ་དང་དྲ་ཐོག་ཐད་གཏོང་དུ་ལྟད་མོ་བ་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ་རེད།

མི་རིགས་ཀྱི་འབུད་དཀྲོལ་རོལ་ཆ《སྐལ་བཟང་མེ་ཏོག་ཉི་མའི་ཕྱོགས་སུ་བཞད》ཅེས་པའི་རོལ་དབྱངས་འདུ་ཚོགས་སུ་རོལ་ཆ་དང་གཞས་གདངས་སོགས་ཚང་མ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བསམ་པའི་ཉམས་འགྱུར་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཏང་གི་འགོ་ཁྲིད་འོག་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ཐོབ་པའི་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། དེ་བཞིན་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་པའི་ཕུགས་འདུན་ཆེ་ཞིང་སྤོབས་ཉམས་རྒྱས་པའི་གཟུགས་བརྙན་གང་ལེགས་མངོན་ཡོད།

ཉེ་ཆར། “ཇོ་མོ་གླང་མའི་ཕ་ཡུལ། བཀྲ་ཤིས་པའི་གཞིས་རྩེ”དང“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་གཞིས་རྩེའི་ཆེད་དོན་འཁྲབ་སྟོན་བོད་ལྗོངས་ཟློས་གར་ཁང་ཆེན་དུ་གཉེར་བ་རེད།

གཞིས་རྩེའི་མི་རིགས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་གྱིས“ད་ཐེངས་གཞིས་རྩེའི་ཆེད་དོན་འཁྲབ་སྟོན་ལ་ཁྱོན་འཁྲབ་ཚན་13གྲ་སྒྲིག་བྱས་པ་དང་། འཁྲབ་སྟོན་ཧྲིལ་པོར་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་གླུ་གར་མཉམ་འདྲེས་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་། སྒྱུ་རྩལ་གྱི་ལམ་ནས་གཞིས་རྩེའི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་དང་ཧུར་བརྩོན་ཡར་ཐོན་གྱི་འཚོ་བའི་རྣམ་པ་མངོན་ཡོད”ཅེས་བརྗོད།

“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོའི་ཁྲོད་བོད་ཀྱི་གླུ་གར་དང་། ལྷ་མོ། གཏམ་བརྗོད་ཟློས་གར་སོགས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་བཏང་བའི་གསོན་ཤུགས་གསར་པ་མངོན་ཡོད། རིག་གནས་ལ་བརྟེན་ནས་བསམ་པའི་ཞིང་ས་བརླན་པ་དང་། རིག་རྩལ་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ། རིག་རྩལ་ལ་བརྟེན་ནས་མགྲོན་པོ་བསུ་བ་བཅས་ཀྱི་རྣམ་པ་དང་། གླུ་གར་ལ་བརྟེན་ནས་གྲོགས་པོ་བསྒྲིགས་པ་དང་། ཞབས་བྲོར་བརྟེན་ནས་བརྩེ་སེམས་བརྒྱུད་སྤྲོད། དབྱིངས་ཞུགས་རྣམ་པའི་སྒྱུ་རྩལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་ཁག་དབར་སྤེལ་རེས་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། སྤེལ་རེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཏང་ཐོག མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་འདུན་པ་དེ་བས་ཤུགས་ཆེར་འགྲོ་བར་སྐུལ་འདེད་བཏང་ཡོད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)