《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

དགེ་རྒྱས་རྫོང་གིས་ཞིང་ཕན་སྲིད་ཇུས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རྐང་འཛིན་མི་སྣ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ། གྲོང་ལྷན་བཅས་སུ་བསྐྱོད་དེ“མི་རིགས་མཐུན་སྒྲིལ་གྲོང་ཚོ་དང་གྲོང་ལྷན་དུ་དར་སྤེལ་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱིས་དམངས་སེམས་དྲོ་བར་བྱེད་པའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་རིང་། ལས་དོན་པས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་དང་། ཕྱུགས་རིགས་བཙོངས་པའི་ཁ་གསབ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སོགས“ཞིང་གསུམ”ཁྱབ་ཁོངས་ཀྱི་དམངས་ཕན་ཞིང་ཕན་སྲིད་ཇུས་ལ་དམིགས་ཏེ། གོ་བདེ་ཤེས་སླའི་སྐད་ཆ་ནས་ཞིང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་དང་འབྲེལ། རྒྱ་ཆེའི་མང་ཚོགས་ཚོས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དར་སྤེལ་གཏོང་མཁན་དང་། ལག་བསྟར་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་པར་ཁྲིད་སྟོན་བྱས་པ་དང་མང་ཚོགས་490ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད།

ས་གནས་ས་ཐོག་གི་མང་ཚོགས་ཚོས། རང་ཉིད་ཀྱི་མིག་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ལྟར་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།