《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

གཞིས་རྩེས་ལས་ཀའི་རྣམ་པ་གསར་གཏོད་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལས་སྟེགས་སྐྲུན་པ་དང་། ཐབས་ལམ་ཤར་གཏོང་བྱེད་པ། ལས་ཀའི་ལམ་སྲོལ་དོན་འཁྱོལ་ཞིབ་ཕྲ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་འབྲོག་པའི་ལས་ཞུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། ལས་ཞུགས་གཞི་ཁྱོན་ལུགས་མཐུན་ངང་འཕར་བ་དང་ལས་ཞུགས་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། ཞིང་འབྲོག་པ་ཁྲི་26.53གནས་སྒྱུར་ལས་ཞུགས་བྱས་པ་དང་ཞིང་འབྲོག་པར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་36.88བཏོད་ཅིང་། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཡོང་འབབ་ནང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་40%ཡན་ཟིན་ཡོད།

ཞིང་འབྲོག་པ་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་བར་རམ་འདེགས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ཞབས་ཞུ་དང་། ཆ་འཕྲིན། རྩ་འཛུགས། གསོ་སྦྱོང་ལས་སྟེགས་བཅས་བསྐྲུན་ནས་ས་གནས་དང་གྲོང་ཁྱེར་བརྒལ་བའི་ལས་གནས་བརྟན་པོའི་ལས་ཞུགས་ཐབས་ལམ་དང་། ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ཡོང་བའི་ཐབས་ལམ། ཕྱི་ཕྱོགས་ཀྱི་ལས་ཞུགས་རོགས་སྐྱོར་ཐབས་ལམ་བཅས་ཤར་གཏོང་བྱས་ཏེ། ཁེ་དབང་འགན་ལེན་ལམ་སྲོལ་དང་། སྲིད་ཇུས་རོགས་སྐྱོར་ལམ་སྲོལ། ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཅས་དོན་འཁྱོལ་བྱས་པ་དང་། གནས་སྒྱུར་ལས་ཞུགས་ཀྱི་རང་མིང་འགོད་ལམ་ལས་སྟེགས་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་རང་མིང་འགོད་ལམ་ལས་སྟེགས། “བློ་རིག་ཅན”གྱི་ལས་མི་བསྡུ་བའི་ལས་སྟེགས། ཞིང་འབྲོག་ལས་མིའི་ལས་ཀའི་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་དང་ཉིན་གླའི་ཁྲོམ་ར་བཅས་བེད་སྤྱོད་གང་ལེགས་བྱས་པ། ངལ་ནུས་ཕྱིར་གཏོང་རྩ་འཛུགས་119དང་། ངལ་ནུས་སྤུས་རྟགས་10 གནས་སྒྱུར་ལས་ཞུགས་རྟེན་གཞི་24བཅས་ཀྱི་ལེགས་ཆ་བཏོན་ནས། མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད་ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ལས་ཞུགས་བྱེད་ཚད་78.1%ཟིན་ཡོད། དེ་དང་ཆབས་ཅིག་ལྷ་ས་དང་། ནག་ཆུ། མངའ་རིས་སོགས་ས་ཁུལ་དུ་ཞིང་འབྲོག་ལས་མིའི་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་ཀྱི་ཕྱིར་གཏོང་རྩ་འཛུགས་བཙུགས་པ་ལས་ཞིང་འབྲོག་པ་ཁྲི་6ས་ཁུལ་དང་གྲོང་ཁྱེར་བརྒལ་ནས་ལས་ཞུགས་ཐུབ་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་2དང་། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་36 ཞིང་འབྲོག་པའི་མཉམ་ལས་ཁང་3762བཅས་གསར་དུ་གཏན་འཁེལ་བྱས་པ་དང་རྣམ་གྲངས་གལ་ཆེན་དང་ཐོན་ལས་ཁྱབ་ཁོངས་གལ་ཆེན་ནང་ཞིང་འབྲོག་པ་ཁྲི་20ཙམ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)