《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་ཀྱི་ཡིན།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཟླ་6ཚེས་24ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བས་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཚན་རྩལ་རང་ཚུགས་རང་དར་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཚན་རྩལ་གྱི་འཐབ་ཇུས་སྔོན་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱས་ནས་གླིང་སྣེའི་ས་མཐོའི་དངོས་རིགས་སྲུང་སྐྱོང་མཛོད་འཛུགས་རྒྱུ་སྣེ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཚོད་ལྟའི་རྟེན་གཞི་དང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱས་ནས་སོན་རྒྱུའི་ཐོན་ཁུངས་བརྟག་དཔྱད་དང་བསྡུ་རུབ་ཀྱི་རྨང་གཞིའི་ལས་དོན་སྤེལ་ཏེ་ཕྱུགས་རིགས་གསོ་སྤེལ་དང་། ས་མཐོའི་ཚྭ་ཆུ(གྲང་ཆུ)དང་མཚོའི་ཐོན་རྫས་གསོ་སྤེལ། ཡུལ་དེ་གའི་རྩྭ་སོན་གསོ་སྤེལ་སོགས་ཀྱི་འགག་རྩའི་ལག་རྩལ་ལ་རྒྱུན་མཐུད་ངང་འགག་སྒྲོལ་བྱས་ནས་འབྲོག་ལས་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁྲུང་ཞི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་། ངར་ཤུགས་འཕེལ་བ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ནུས་པས་ལྕོགས་ཚོད་ཀྱིས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཏེ་ཀྲུང་གོའི་ནག་ཆུ—མཚོ་བོད་ས་མཐོའི་གླིང་སྣེའི་ཁུལ་གྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བརྟན་པོ་བཏང་ནས། ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཚན་རྩལ་གསར་གཏོད་ནི་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩའི་སྟོབས་ཤུགས་ཡིན་པ་ང་ལ་ངོས་འཛིན་ཟབ་མོ་བྱུང”ཞེས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བོད་ཕག་ཚན་རྩལ་གླིང་གི་ཞིབ་འཇུག་ཚོགས་པའི་འགན་འཁུར་བ་ཧྲང་ཕུང་གིས་བཤད་པ་དང་། ཁོང་གིས“ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་བྱས་པ་བརྒྱུད་བོད་ཕག་གི་གསོན་ཚད་མཐོ་རུ་ཕྱིན་པ་མ་ཟད། ཞིང་འབྲོག་པའི་གསོ་སྤེལ་ལག་རྩལ་དང་གཡོག་བྱེད་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ནས་ཡུལ་དེ་གའི་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཕུགས་བསམ་བརྟན་པ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ང་ཚོར་ཚན་རྩལ་ལས་དོན་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་མིག་དམར་ཚེ་རིང་གིས་བཤད།

མིག་སྔར་མངའ་རིས་ས་ཁུལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་རེད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངའ་རིས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་མཐའ་འཁྱོངས་དང་། ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་བཅས་ལ་དམིགས་ཏེ། དེང་རབས་ཅན་སྐྲུན་མགྱོགས་སུ་གཏོང་བའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་ཀྱི་ཡིན”ཞེས་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞིའི་སྐོར་གླེང་སྐབས་མིག་དམར་ཚེ་རིང་གིས་དེ་ལྟར་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། མཐོ་རིམ་སློབ་གྲྭའི་རིག་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཤེས་ལྡན་པས་རང་བརྟེན་གསོ་སྐྱོང་བྱེད་པའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས།

བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་སློབ་གླིང་གི་ཡོན་ཀྲང་དགེ་རྒན་ཆེ་མོ་བ་ཁྲེན་ཐེན་ལུའུ་ཡིས། མཚོ་བོད་ས་མཐོ་ནི་ཚན་རིག་ཞིབ་འཇུག་གི་ས་གཞི་གཤིན་པོ་ཞིག་ཡིན་པ་དང་། ས་སྟེང་ནས་བར་སྣང་ལ་ལྟ་དཔྱད་ཚད་ལེན་བྱེད་རིང་མཚན་མོ་དྭངས་མང་བ་དང་། མཁའ་རླུང་དཀོན་པ། འོད་ཀྱི་སྦགས་བཙོག་ཆུང་བ། འཕྲེད་ཐིག་གི་ཏུའུ་གྲངས་དམའ་བ་སོགས་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས་སའི་གོ་ལའི་བྱང་ཕྱེད་མ་དང་སའི་གོ་ལའི་ཤར་ཕྱེད་མའི་ས་སྟེང་ནས་གནམ་དཔྱད་ལྟ་དཔྱད་ཚད་ལེན་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། “མིག་སྔར་ང་ཚོའི་སློབ་གྲྭས་གནམ་དཔྱད་རིག་ཚན་འཛུགས་སྐྱོང་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་འཕེལ་རྒྱས་ཆེད་བློས་འགེལ་ཆོག་པ་དང་། བེད་སྤྱོད་ཐུབ་པ། གནས་ཐུབ་པ། ལས་ཀ་ཡག་པོ་བྱེད་ཐུབ་པ”བཅས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་ཆས་གལ་ཆེན་བོད་དུ་གཞིས་ཆགས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་རྒྱུ་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། (མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)