འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་ཀྲེ་ཅང་མགྲོན་ཁང་ཆེ་མོས་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་སྐར་མ་རིམ་པ་ལྔའི་ཚད་གཞི་ལྟར་བསྐྲུན་པའི་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་ཐོག་མ་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་ཡོད།
གསར་འགོད་པས་མཛད་སྒོ་ནས་ཤེས་རྟོགས་བྱས་པར། མགྲོན་ཁང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.7ཙམ་བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ཙམ་ཟིན་པ་མ་ཟད། སྨི་ངོས་གྲུ་2000ལྷག་ཙམ་ཟིན་པའི་སྐྱེ་ཁམས་གླིང་ཡོད་ལ་མི་300ཙམ་གྱི་ལས་ཞུགས་ཐག་གཅོད་ཐུབ་ཡོད། རྣམ་གྲངས་ཀྱི་ལས་ཡུན་ཁྱོན་ཟླ་བ་30ཡིན་པ་དང་སྔོན་དཔག་བྱས་ན་2026ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ནག་ཆུ་གྲོང་ཁྱེར་ལ་ཁྱོན་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་51རག་པ་དང་། མ་དངུལ་སྒོར་དུང་ཕྱུར་26.68དམིགས་སར་འབྱོར་བ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་ཚད་157%ལས་བརྒལ་བ། མི་2237ལས་ཞུགས་ཐུབ་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་25.66བཏང་བ། ངལ་ནུས་ཡོང་འབབ་སྒོར་ཁྲི་1531.9ཟིན་ཡོད། སྔོན་དཔག་བྱས་ན་2024ལོར་ཚོང་འགུགས་མ་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་23ལས་བརྒལ་རྒྱུ་རེད།