སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གྲོང་གསེབ་གཞུང་ལམ་དེ་མི་སེར་སྒོ་འགྲམ་གྱི་ཕྱུག་འགྱུར་ལམ་དང་། བདེ་སྐྱིད་ལམ། སེམས་འབྲེལ་ལམ། དར་རྒྱས་ལམ་བཅས་སུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།
གྲོང་གསེབ་གཞུང་ལམ་ཡག་ཤོས་ནི་རང་རྒྱལ་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་གྱི་གཅིག་སྡུད་མཚོན་ཚུལ་ཞིག་རེད། རྫོང་ལམ་གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་པ་དང་། ཤང་ལམ་སྣོལ་མར་འདྲེས་པ། གྲོང་ཚོའི་ལམ་འཕྲེད་གཞུང་དུ་ཁྱབ་པ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ལམ་དྲ་མུ་མཐུད་སྣུར་སྲིང་བྱས་ཤིང་། 2014ལོ་ནས་2023ལོ་བར་རྒྱལ་ཡོངས་སུ་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་250ཙམ་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་ཤང་གྲོང་རྡལ་821དང་སྒྲིག་ཁོངས་གྲོང་ཚོ་ཁྲི་7.06ལ་སྲ་འགྱུར་ལམ་ཤར་གཏོང་ཐུབ་ནས། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་སྲ་འགྱུར་ལམ་སྔ་སྣུར་དུ་ཤར་གཏོང་ཐུབ་ཡོད། བདག་སྐྱོང་རིམ་སྤོར་བྱེད་མགྱོགས་སུ་བཏང་ཞིང་། རིམ་རྩིས་བྱས་ན་གྲོང་གསེབ་གཞུང་ལམ་གྱི་ཉེན་ཟམ་ཁྲི་5.8སྒྱུར་བཀོད་དང་། བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་123ཉམས་བཟོ་རང་བཞིན་གྱི་བདག་སྐྱོང་ལས་གྲྭ་སྤྱི་ལེ་ཁྲི་213.6བཅས་ལག་ལེན་བསྟར་བར་ཕུལ་བྱུང་ལེགས་འབྲིང་གི་གཞུང་ལམ་ཤར་གཏོང་ཐུབ་ཚད་91.1%ཟིན་ཡོད། ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། རྒྱལ་ཡོངས་སུ་ཤང་དང་གྲོང་རྡལ་1000ལྷག་ཙམ་དང་སྒྲིག་ཁོངས་གྲོང་ཚོ་ཁྲི་5ལྷག་ཙམ་ལ་གསར་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་དང་སྦྲག་བསྐུར་ཤར་གཏོང་ཐུབ་ཡོད།
ང་ཚོས་གྲོང་གསེབ་གཞུང་ལམ་ཡག་ཤོས་སུ་བསྐྱོད་དེ་དུས་རབས་གསར་པར་གྲོང་གསེབ་གསར་པའི་གསོན་ཤུགས་ཀྱིས་ཁེངས་བཞིན་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན།