འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི(རྒྱ་ཆེ)ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཅིག་སྡུད་བྱས་པ་དང་ཆབས་ཅིག རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་གདན་དྲངས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་དོན་དུ་བྱས་ནས་འཆད་ཁྲིད་ཀྱང་གནང་བ་རེད།
བསོད་ནམས་ཉི་མས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་དང་། འགན་འཁྲི་ཁྱོན་ཡོངས་ནས་ནན་འཁུར། རྐྱེན་རྩ་ཆུང་བ་ཟློག་ཐུབ་པ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ཤིང་། “ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་སྐུལ་སྤེལ་གཏོང་རྒྱུ”མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཐད་རྣམ་པ་གསར་པ་གཏོད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོ་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ཐད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་འཛིན་པ། ཆོས་ལུགས་རིགས་ཁོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ཐད་ཤུགས་མུ་མཐུད་འདོན་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐད་ཐབས་འདོན་ཇུས་འདོན་བཅས་བྱེད་དགོས། ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། རྒྱུན་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་རིགས་པའི་གཞུང་ལུགས་ཐད“བྱང་ཚད་ལྡན་པ”དང་། ལས་དོན་ཐད“ཏན་ཏན་ཏིག་ཏིག”འགག་རྩའི་སྐབས“འགན་འཁྲི་འཁུར་ཐུབ་པ” སྤྱོད་ཚུལ་ཐད“གཞུང་དྲང་བ”བཅས་ཡོད་པར་བྱས་ཐོག འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ནས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)