《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

རྣམ་པར་བཀྲ་བའི་དུས་བཞི། མཛེས་སྡུག་ལྡན་པའི་ལྷུན་གྲུབ།

—— ལྷུན་གྲུབ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

པར་①ནི་གྲོང་མིས་ཐག་པ་འཐེན་བཞིན་པ།

པར་②ནི་གྲོང་མིས་གཉའ་ཐག་འཐེན་པའི་འགྲན་བསྡུར་བྱེད་བཞིན་པ།

པར་③ནི་གྲོང་མིས་རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་པ།

པར་④དང་⑤ནི་གྲོང་མིས་ཤུགས་འགྲན་བཞིན་པ།

པར་⑥ནི་གྲོང་མིས་འཁོར་ལོ་ཆེན་པོ་འབུད་འདེགས་འགྲན་བསྡུར་བྱེད་བཞིན་པ།

པར་⑦ནི་གྲོང་མིས་སྲོལ་རྒྱུན་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།

ལྷུན་གྲུབ་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་མཐོར་གཏོང་དང་། ལྷུན་གྲུབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་རྟགས་གཏོད་པ་བཅས་བྱ་ཆེད། 2024ལོར་ལྷུན་གྲུབ་རྫོང་གིས“རྣམ་པར་བཀྲ་བའི་དུས་བཞི·མཛེས་སྡུག་ལྡན་པའི་ལྷུན་གྲུབ”སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། དབྱར་དགུན་སྟོན་དཔྱིད་ནམ་དུས་བཞིར་བརྗོད་དོན་གཙོ་བོ་མི་འདྲ་བའི་སྤུས་རྟགས་འོས་སྦྱོར་བྱེད་སྒོ་སྤེལ་རྒྱུ་རེད། “ནམ་དུས་ཚང་མར་བྱེད་སྒོ་ཡོད་པ་དང་རྫོང་ཡོངས་ཞུགས་པའི”ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་ཆགས་པར་བྱས་ནས“གངས་ལྗོངས་ཀྱི་ས་གཞི་གཤིན་པོ། རིག་པའི་འབྱུང་གནས་ལྷུན་གྲུབ་ཅེས་པ་དང་། ནས་ཀྱི་ཕ་ཡུལ། ཁྲུང་ཁྲུང་གི་དགའ་ཚལ”གྱི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་ཕྱོགས་ཡོངས་ནས་བཏོད་དེ“ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

“རྣམ་པར་བཀྲ་བའི་དུས་བཞི·མཛེས་སྡུག་ལྡན་པའི་ལྷུན་གྲུབ”ཀྱི་བྱེད་སྒོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་འདུག ང་ཚོས་ལམ་བར་ནས་མཛེས་ལྗོངས་མཐོང་བ་མ་ཟད། ད་དུང་བོད་ཀྱི་དམངས་སྲོལ་གོམས་གཤིས་ལ་ཉམས་ལེན་ཡང་བྱས་པ་ཡིན། བྱེད་སྒོ་སྤེལ་ཡུལ་དུ་གྲོང་མིས་འབྲིའི་འོ་མ་འཇོ་བ་དང་། མར་དང་ཕྱུར་བ་འདོན་པ། དེ་བཞིན་མར་ཚོན་མེ་ཏོག་མཆོད་པ་བཟོ་བ་སོགས་མཐོང་བྱུང་། ང་ཚོ་ཧང་སངས་དགོས་པ་ཞིག་ནི་བོད་རིགས་ཨ་ཇོ་དང་ཨ་ཅག་ཚོ་ཤུགས་ཧ་ཅང་ཆེན་པོ་འདུག ཐག་པས་བྱེས་བགྲོད་རླངས་འཁོར་འཐེན་ཐུབ་པ་དང་ལྗིད་ཚད་རྒྱ་མ་བརྒྱ་ཡོད་པའི་རྡོའང་འགྱོགས་ཐུབ་ཀྱི་འདུག་པས་ང་ཚོར་མིག་གི་སྟོན་མོ་ཆེན་པོ་ཞིག་བཤམས་སོང་། ང་ཚོ་བོད་དུ་ཡོང་ཐེངས་གསུམ་པ་ཡིན། ད་ཐེངས་མཐོང་རྒྱ་ཆེ་ཤོས་བྱུང་ལ་རྣམ་ཀུན་དང་མི་འདྲ་བའི་བོད་ལྗོངས་ཤིག་ཉམས་ལེན་ཐུབ་བྱུང”ཞེས་པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ལགས་ཀྱིས་དགའ་སྤྲོའི་ངང་བཤད།

“རྣམ་པར་བཀྲ་བའི་དུས་བཞི·མཛེས་སྡུག་ལྡན་པའི་ལྷུན་གྲུབ”ཀྱི་བྱེད་སྒོ་ལྷུན་གྲུབ་རྫོང་ཐང་མགོ་ཤང་གཙང་གཞུང་གྲོང་ཚོར་སྤེལ་བ་དང་། ལྷ་ས་ནས་རླངས་འཁོར་བསྡད་དེ་སྤྱི་ལེ་170བསྐྱོད་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ཆག་ལ་བརྒལ་དགོས་ཤིང་། ལམ་བར་དུ་ཤིང་ཤུག་པ་དང་སྨུག་སྤྲིན་གྱིས་ཡོངས་སུ་བསྐོར་བ་དང་གང་སར་སྟག་མའི་མེ་ཏོག་བཞད་དེ་དྲི་ཟའི་གནས་ས་རུ་འཕོས་པ་ལྟར་དུ་སྣང་།

དུས་ཡུན་ཉིན་གསུམ་གྱི“རྣམ་པར་བཀྲ་བའི་དུས་བཞི·མཛེས་སྡུག་ལྡན་པའི་ལྷུན་གྲུབ”ཀྱི་བྱེད་སྒོ་ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷུན་གྲུབ་རྫོང་གི“དུས་བཞིའི”བྱེད་སྒོ་རིམ་སྤེལ་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་ཞིང་། ནང་དོན་ཐད་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཡུལ་སྐོར་གསར་སྤེལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ཚུད་ཡོད། གསར་གཏོད་འོས་སྦྱོར་བྱས་པ་བརྒྱུད་ལྷུན་གྲུབ་རྫོང་གི་ཤང་དགུ་དང་གྲོང་རྡལ་གཅིག་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་ངང་ངོམ་སྟོན་བྱས་ཡོད།

འགོ་ཚུགས་མཛད་སྒོ་གཙང་གཞུང་གྲོང་ཚོའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོའི་ཞབས་བྲོ《མེ་ཏོག་དང་པོ》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། ཐང་མགོ་ཤང་དང་། ངར་ནང་ཤང་། ཕུ་མདོ་ཤང་བཅས་ཀྱིས་བྱང་རྒྱུད་ཤང་གསུམ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ་དང་། སྐྱེ་ཁམས་ཁོར་ཡུག ཕུན་སུམ་ཚོགས་པའི“མངོན་མིན་རིག་གནས་ཤུལ་བཞག”བཅས་ངོམ་སྟོན་དང་འོས་སྦྱོར་བྱས་པ་མ་ཟད། ད་དུང་ཁྱད་ཆོས་ལྡན་པའི་རྒྱན་གོས་འགྲེམས་འཁྲབ་ཀྱང་བྱས་པ་དང་། ཁོང་ཚོས་རང་བྱུང་ཁམས་ཆེན་པོ་གར་སྟེགས་སུ་བྱས་ནས“སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་ངོམ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། འབྲོག་ཁུལ་གྱི་འཚོ་བའི་ཡོ་བྱད་འགྲེམས་སྟོན”བཅས་ཟུང་འབྲེལ་ལྟེ་བར་བྱས་ཏེ། ལྷུན་གྲུབ་རྫོང་ཐང་མགོ་ཤང་གི་བྱང་རྒྱུད་ཤང་གསུམ་གྱི་རྒྱན་གོས་སྐོར་གྱི་བསྟོད་ཚིག་དང་རྔ་སྒྲ་འགྲོགས་ནས་ཐུན་མོང་མ་ཡིན་པའི་རོལ་དབྱངས་རམ་དཀྲོལ་བྱས་ཏེ་ལྷུན་གྲུབ་རྫོང་བྱང་རྒྱུད་ཤང་གསུམ་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་མངོན་པར་བྱས།

བྱེད་སྒོ་སྤེལ་ཡུལ་དུ། ད་དུང་འགྲེམས་སྟོན་ཁུལ་དང་། ཞིམ་ཟས་ཁྲོམ་ཁུལ། མང་ཚོགས་ཀྱི་འགྲེམས་ཚོང་ཁུལ། ཡུལ་སྐོར་བའི་པར་རྒྱག་ཁུལ། འབྲོག་ཁུལ་གྱི་རིག་གནས་ཉམས་ལེན་ཁུལ་སོགས་མཉམ་འགུལ་ཁུལ་ཁོངས་མང་དག་ཅིག་བཙུགས་ཡོད།

འགོ་ཚུཊ་མཛད་སྒོ་མཇུག་འགྲིལ་རྗེས“སྟག་མའི་འདབ་བརྒྱ་གྲོལ། དཔྱིད་དཔལ་རབ་ཏུ་བཞད”——2024ལོའི་ལྷུན་གྲུབ་རྫོང་གི“དཔྱིད་ཀར་སྟག་མའི་མེ་ཏོག་ལ་རོལ”ཞེས་པའི་སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་། རྒྱ་ཆེའི་ཡུལ་སྐོར་བར་ཆེད་ལས་ཀྱི་པར་རྒྱག་ཞབས་འདེགས་ཡག་པོ་ཞུ་ཆེད། བྱེད་སྒོ་སྤེལ་ས་གཙོ་བོ་སྟག་མའི་མེ་ཏོག་ལ་ལྟ་ས་དེ་རང་བྱུང་གི་ཉམས་འགྱུར་ལྡན་པའི་པར་རྒྱག་ཁང་ཞིག་ཏུ་བསྒྱུར་བ་མ་ཟད། “མངོན་མིན་རིག་གནས་ཤུལ་བཞག”གི་རྒྱན་གོས་ཉམས་ལེན་ཡང་བྱེད་དུ་བཅུག་ནས་ཡུལ་སྐོར་བས་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་སྔར་བས་ཚོར་ཐུབ་པ་དང་ཉམས་ལེན་གཏིང་ཟབ་ཐུབ་པར་བྱས་པ་རེད།