འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཚན་ཧྲི་གདན་ཞུའི་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསར་དུ་གདན་ཞུ་བྱས་པའི་སྲིད་གཞུང་གི་ཚན་ཧྲིར་གདན་ཞུའི་ཡི་གེ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྲིད་གཞུང་གི་ཚན་ཧྲི་ལམ་ལུགས་ནི་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དམངས་གཙོའི་ཐབས་ཇུས་འགོད་པ། ཁྲིམས་ལྟར་གྱི་ཐབས་ཇུས་འགོད་པ་བཅས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། སྲིད་གཞུང་གི་ཚན་ཧྲིར་ངེས་པར་དུ་མཐའ་སྲུང་བོད་བརྟན་གྱི་འཐབ་ཇུས་བསམ་གཞིག་དང་། བོད་ཤེས་རྟོགས་དང་བོད་ལ་དགའ་ཞེན་གྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས། བོད་དར་བོད་སྐྲུན་གྱི་ནུས་པ་དང་འཇོན་ཐང་བཅས་ལྡན་དགོས། ཚང་མས་སྲོལ་རྒྱུན་རྒྱུན་འཛིན་དང་ལེགས་ཆར་གཞི་ཚུགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་ལ་ཕབ་་པའི་ལས་དོན་གྱི་དམིགས་ཚད་དང་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། གནས་ཚུལ་གསར་པ་དང་། གནད་དོན་གསར་པ། དུས་བབ་གསར་པ། འགྱུར་ལྡོག་གསར་པ་བཅས་ལ་སྔར་བས་དམིགས་ནས། རང་འགན་གཙང་སྒྲུབ་དང་རང་འགན་ཐེག་པ་འཁུར་ལེན་གྱིས་ཚན་ཧྲིའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་མངོན་རྒྱུའི་རེ་བ་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཚན་ཧྲི་ཡི་རྒྱལ་སྒོ་ཡངས་པོར་ཕྱེ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བློ་རྒྱ་ཡངས་པོས་མཁས་པ་བསྡུ་ལེན་བྱེད་པ། ཕྱོགས་གང་ཅིའི་ཐོན་ཁུངས་ཡག་པོ་སྤྱོད་པ་བཅས་བྱས་ཏེ། སྲིད་གཞུང་གིས་ཡིད་ཆེས་ཆོག་པ་དང་། བེད་སྤྱོད་ཐུབ་པ། ཁ་འབྲལ་ཐབས་མེད་པ་བཅས་ཀྱི་རོགས་ཟླ་ཡག་པོ་འདེམས་དགོས། ཚན་ཧྲིའི་རྩ་བ་གང་ཡིན་པ་མ་བརྗེད་པར་ཚན་ཧྲིའི་ངོ་བོ་ཏང་ཡིན་པ་དང་། ཚན་ཧྲིས་སྲིད་དོན་དོན་གཉེར་བྱེད་པ། ཚན་ཧྲིས་དམངས་ཆེད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་ལུས་ཚུགས་ཀྱི་རྩ་བ་དང་། དོན་གཉེར་གྱི་རྨང་གཞི། ལས་སྒྲུབ་ཀྱི་གནད་འགག་བཅས་ལ་བརྩིས་ནས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་དེ་ཞིབ་ཕྲའི་བྱ་སྤྱོད་དུ་དོན་འཁྱོལ་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཚན་ཧྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ལ་སྒྱུར་དགོས། ཚན་ཧྲིའི་འགན་འཁྲི་ནན་པོ་ཁུར་ནས་སྲིད་དོན་ཇུས་འབུལ་གྱི“མཐོ་རིམ་ཚན་ཧྲི”བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་པ། སྲིད་གཞུང་གི་ཚན་ཧྲིས་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་སྔོན་དུ་ཞིབ་འཇུག་བྱེད་པའི་ལས་དོན་ལམ་སྲོལ་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྲིད་ཇུས་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཐོན་པར་བྱེད་དགོས། ཚན་ཧྲིའི་ཀུན་སྤྱོད་དར་སྤེལ་བཏང་ནས་སྲིད་གཞུང་གི་ཚན་ཧྲིའི་འོད་ཟེར་ལྡན་པའི་ལམ་བུར་ཡག་པོ་སྐྱོད་པ་དང་། སྲིད་གཞུང་གི་ཚན་ཧྲིའི་སྤྱོད་བཟང་མངོན་པ། སྲིད་གཞུང་གི་ཚན་ཧྲིའི་སྙིང་སྟོབས་ཆེན་པོ་མངོན་པ། སྲིད་གཞུང་གི་ཚན་ཧྲིའི་སྤྱོད་གཙང་གི་ངོ་བོ་ནམ་ཡང་བརྟན་སྲུང་བཅས་བྱེད་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔར་མུས་བཞིན་ཚན་ཧྲིའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། སེམས་ནུས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་བ་དང་ལས་རོགས་ཡག་པོ་བྱས་ནས་ཚན་ཧྲི་ཚོས་བློ་བདེ་བག་ཕེབས་ངང་འགན་འཁྲི་སྒྲུབ་པ་དང་ཐབས་ཇུས་འདོན་ཐུབ་པར་བྱས་ཏེ་ཚན་ཧྲིར་མཐོང་ཆེན་དང་། ཚན་ཧྲིར་བརྩི་བཀུར། ཚན་ཧྲིར་གུས་བཀུར་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་པར་སྐུལ་ཁྲིད་བྱེད་དགོས། འབྲེལ་ཡོད་ཚན་པ་ཁག་གིས་རང་འགུལ་ངང་ཚན་ཧྲིའི་བསམ་འཆར་དང་གྲོས་འགོ་ཉན་པ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་ཚང་མའི་བློ་གྲོས་ཀྱི་ཉིང་བཅུད་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་ཕན་འབྲས་དངོས་སུ་དེ་བས་ལེགས་པར་བསྒྱུར་བར་བྱེད་དགོས།