《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ལྗོངས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་རུ་སྣེ་ཁྲིད་དེ་བོད་ལྗོངས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་དང་། སློབ་ཁང་དུ་ཕེབས་ནས“སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་སློབ་ཚན་གསན་ཞིང་། བོད་ལྗོངས་སློབ་ཆེན་དུ་ལྗོངས་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་སྐུལ་སྤེལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་འབྲེལ། མཐོ་སློབ་དང་སློབ་འབྲིང་ཁག་གཅིག་གི་འགན་འཁུར་བ་དང་དགེ་རྒན་གྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད།

ལང་ཧྥུའུ་ཁོན་གྱིས་བླང་བྱ་བཏོན་དོན། རྩ་བ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་མའི་ཤེས་རྟོགས་ཆོས་ཉིད་དང་དང་ལེན་ཁྱད་ཆོས་ལ་ཞིབ་འཇུག་ཤུགས་ཆེན་བྱས་ནས་སློབ་མའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། གཞུང་འཁྱོངས་གསར་འབྱེད་ཤུགས་ཆེན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ནང་དོན་གསར་གཏོད་དང་སློབ་ཁྲིད་བྱེད་སྟངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་མཉམ་འདྲེས་ནུས་ཤུགས་ཆེ་རུ་གཏོང་དགོས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བསམ་བློ་ཆབ་སྲིད་སློབ་ཚན་དགེ་རྒན་གྱི་ཆབ་སྲིད་ཀུན་སྤྱོད་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་འཚོགས་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།