《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དང་མདུན་ལྗོངས།

—— “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ཀྱི་བྱེད་སྒོ་ཐེངས་གཉིས་པ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ།

ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ཞིང་། ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

སྔར་ནས་ད་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ས་གཞི་གཤིན་པོར་རྩ་བ་བརྟན་པོ་ཚུགས་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལས་འགན་རང་རྟོགས་ངང་ཕྲག་ཏུ་འཁུར་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བོད་ཀྱི་ལག་ལེན་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གསར་པ་བྱུང་ཡོད། ལས་རིགས་ཁག་གི་མི་རྣམས་ཀྱིས་དེ་ཉིད་འགན་འཁྲིར་བརྩིས་ནས་ངོ་མཚར་ཆེ་བའི་ལེའུ་མང་དག་ཅིག་བརྩམས་ཡོད།

རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་བཅོལ་བ་དང་། མི་རིགས་ཀྱི་འབྱུང་འགྱུར་གཞོན་ནུར་ཐུག་ཡོད། ཟླ་6ཚེས་18ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་གཉེར་འགན་ཁུར་བའི“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ཀྱི་བྱེད་སྒོ་ཐེངས་གཉིས་པ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་དང་། “ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བོད་ཀྱི་ལག་ལེན”བརྗོད་དོན་གཙོ་བོར་བྱས་ཏེ། མཁས་དབང་གྲགས་ཅན་རྣམས་ཀྱིས་གཏམ་བཤད་ལྷུག་པོར་སྤེལ་ནས་ན་གཞོན་སློབ་མ་མང་པོར་དུས་རབས་ཀྱི་རླབས་རྒྱུན་ཁྲོད་གཞོན་ནུའི་འགན་འཁྲི་མངོན་དགོས་པའི་སྐུལ་ལྕག་བཏང་ཡོད།

བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་ལྷ་མོའི་སྒྱུ་རྩལ་ལས་ལ་ཞུགས་ནས་ལོ་30ལྷག་ཙམ་སོང་བ་དང་། ཁོང་ནི་ཨ་ཅེ་ལྷ་མོ་སྐྱོར་མོ་ལུང་གི་རྒྱུན་འཛིན་པ་དང་གར་གླུའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཞིག་རེད། འདས་དོན་ལ་ཕྱིར་མིག་ལྟ་བཞིན་ཁོང་གིས་ཚང་མར་རང་ཉིད་ཀྱིས་ལྷ་མོའི་སྒྱུ་རྩལ་ལས་ལ་བརྩོན་ཞིབ་བྱས་པའི་སྐོར་གླེང་བ་རེད།

རྫོང་གྲོང་ཆུང་ཆུང་ནས་ཡངས་ཤིང་རྒྱ་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་གར་སྟེགས་བར་ལྷ་མོའི་སྒྱུ་རྩལ་ལས་ལ་བརྩོན་ཞིབ་བྱས་ནས་ལོ་30ལྷག་ཙམ་སོང་རིང་། དཔལ་ལྡན་དབང་ཕྱུག་གིས་ལྷ་མོའི་འཁྲབ་གཞུང་ཆེ་ཆུང་ཁག་130ལྷག་ཙམ་གྱི་གསར་རྩོམ་དང་འཁྲབ་སྟོན་ནང་ཞུགས་པ་བརྒྱུད་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་དང་བྱ་དགའ་མང་པོ་ཐོབ་ཡོད།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་མཛེས་རྩལ་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཚེ་དབང་བཀྲ་ཤིས་ཀྱིས་ལོ་40ཡི་སློབ་ཁྲིད་ཉམས་མྱོང་ལ་བརྟེན་ནས་བོད་ཀྱི་དེང་རབས་མཛེས་རྩལ་འཕེལ་རྒྱས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད།

ས་ཡུལ་དངོས་སུ། དགེ་སློབ་400ལྷག་ཙམ་གྱིས་མཁས་དབང་གྲགས་ཅན་དག་གི་གཏམ་རྒྱུད་ནན་ཏན་ཉན་ཞིང་། ཁག་གཅིག་སེམས་འགུལ་ཆེན་པོ་ཐེབས་ནས་རང་དབང་མེད་པར་མིག་ཟུང་ཡང་མཆི་མས་བརླན། “རིག་གནས་རྒྱུན་འཛིན་ལ་ངོས་འཛིན་བྱེད་པའི་ཐད་སྔོན་ཆད་དཔེ་དེབ་ནང་གི་ཤེས་བྱ་ཁོ་ནར་བརྟེན་པ་དང་། དེ་རིང་མཁས་དབང་གྲགས་ཅན་དག་གི་གཏམ་རྒྱུད་ཉན་རྗེས་བག་ཆགས་ཟབ་མོ་བྱུང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དང་མདུན་ལྗོངས་ཁྲོད། ང་ཚོའི་རྒན་ལགས་དང་སྔོན་བྱོན་པ་ཚོས་སེམས་ནུས་མང་པོ་དེ་འདྲ་བཏོན་ཡོད་པ་གཞི་ནས་ཤེས་བྱུང”ཞེས་བོད་ལྗོངས་སློབ་ཆེན་གྱི་སློབ་མ་བཀྲ་ཤིས་ཀྱིས་བརྗོད།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དབང་ལིས། “ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་པ་ཡིན་པ་མ་ཟད། ད་དུང་ཕྱིན་ཆད་ལམ་ཐག་རིང་པོ་ཞིག་བརྒྱུད་དགོས། མཁས་དབང་གྲགས་ཅན་དག་གིས་མཉམ་སྤྱོད་བྱས་པའི་གཏམ་རྒྱུད་དེ་དག་ཁོ་ཚོའི་ངོས་ནས་བརྗོད་ན་འབྱུང་འགྱུར་ལམ་བུ་གསལ་སྟོན་བྱེད་པའི་སྒྲོན་མེ་ཞིག་དང་འདྲ་བར། སྒྲོན་མེའི་འོད་དང་བསྟུན་ན་བསམ་འདུན་མཐའ་དག་འགྲུབ་ངེས་རེད”ཅེས་བརྗོད།

“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ཀྱི་བྱེད་སྒོ་ཟླ་5པ་ནས་བཟུང་སྤེལ་ཚུན་ལས་རིགས་ཁག་གི་མི་སྣའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་མི་དམངས་དྲ་བ་སོགས་སྨྱན་སྦྱོར་གྱིས་ས་ཡུལ་དངོས་ནས་ཐད་གཏོང་བྱས་པ་དང་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཁྲི་265.3ལྷག་ཙམ་གྱིས་ལེ་ཚན་དེ་བལྟས་ཡོད།

(མི་དམངས་དྲ་བ་ལྷ་ས་ནས་ཟླ་6ཚེས་18ཉིན་འབྱོར་བའི་གློག་འཕྲིན)

(པ་ཚེས་བསྒྱུར། པ་ཚེ་དང་ཟླ་ཕུར་གྱིས་ཞུས)