《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

གནོད་འཚེར་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་ནས་འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། ཉེ་དུས། ལྷོ་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ཏུ་རྒྱུན་མཐུད་དྲག་པོ་བབས་ནས་ཀོང་ཏུང་དང་ཧྥུའུ་ཅན་སོགས་ལ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ། མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པ་དང་། བྱང་ཕྱོགས་ཀྱི་ས་ཆ་ཁག་གཅིག་ཏུ་ཐན་པ་བསྟན་པའི་གནས་ཚུལ་ཛ་དྲག་ཏུ་ཕྱིན་ནས་ལྷོ་ཕྱོགས་སུ་ཞོད་སྐྱོན་ཆེ་བ་དང་བྱང་ཕྱོགས་སུ་ཐན་སྐྱོན་ཆེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། གནོད་འཚེར་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་ནས་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་དང་ཉེན་གྱར་མི་འཚོལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་འགན་ལེན་བྱས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཞི་ཅིན་ཕིང་གིས། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་པ་དང་ཆབས་ཅིག འབྲུབ་འགོག་གི་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་སྔར་བས་ཟབ་ཏུ་བཏང་སྟེ། འགན་འཁྲི་ནན་དུ་གཏོང་བ་དང་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར། དངོས་ཟོག་གྲ་སྒྲིག་འདང་ངེས་བྱེད་པ། ལས་ཀའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།