སློབ་དུས་གསར་པ་འགོ་ཚུགས་སོང་། ངས་ཀྱང་སློབ་མ་གསར་པ་གཞན་དང་འདྲ་བར་དམའ་འབྲིང་དུ་འབྱོར་ཐོ་འགོད་པར་ཕྱིན་པ་ཡིན། སློབ་གྲྭའི་རྒྱལ་སྒོ་བརྒྱུད་འདུ་འཛི་ཆེ་བའི་མི་ཚོགས་ཀྱི་ཁྲོད་ནས་ངས་རང་ཉིད་འཛིན་གྲྭ་གང་དུ་བགོ་བཤའ་བརྒྱབ་མིན་བཙལ་མཐར། ད་གཟོད་འཛིན་གྲྭ་བཞི་པ་ཡིན་པ་རྟོགས།
སློབ་མ་ཚང་མས་རང་ལ་དགེ་རྒན་བཟང་པོ་ཞིག་ཐུག་ན་བསམ་ངེས་རེད། ངས་ཀྱང་རེ་བ་དེ་ལྟར་བཅངས་ནས་ཡོད། གཟའ་འཁོར་གཅིག་ལྷག་ཕྱིན་པ་དང་ངའི་སེམས་པ་ལྷོད་ལ་བབས་བྱུང་། ངས་རིམ་བཞིན་དགེ་རྒན་ཁོང་ནི་དགེ་རྒན་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱུང་བ་དང་། སློབ་དུས་དང་པོ་དེར་ཚོད་རྒྱུགས་ཐེངས་གཉིས་བཏང་བར་ཐེངས་གཉིས་ཀའི་སྦྱངས་འབྲས་ང་ཚོའི་འཛིན་གྲྭས་ཨང་དང་པོ་བླངས་པ་དང་། འཛིན་གྲྭར་གཟེངས་བསྟོད་ཀྱང་རག་པས་སེམས་ལ་དགའ་ཚོར་དཔག་མེད་བྱུང་།
འཛིན་བདག་ཁོང་ནི་ང་ཚོའི་ཨང་རྩིས་སློབ་མཁན་རེད། སློབ་ཆུང་གི་སྐབས་སུ་ངའི་ཨང་རྩིས་སྦྱངས་འབྲས་དེ་ཙམ་ཡག་པོ་མེད་པས། ཨང་རྩིས་སྦྱོང་བར་དགའ་སྣང་དེ་ཙམ་སླེབས་ཀྱི་མི་འདུག ཡིན་ན་ཡང་། སློབ་འབྲིང་ལ་སླེབས་རྗེས། དགེ་རྒན་ཁོང་གི་བཀའ་དྲིན་བརྒྱུད། ཨང་རྩིས་ནི་རིམ་བཞིན་ངའི་དགའ་ཕྱོགས་ཤིག་ཏུ་གྱུར། ཚོད་རྒྱུགས་ཤིག་གི་སྐབས་སུ། ང་རང་ཨང་རྩིས་ཚོད་རྒྱུགས་མ་ལོན་པས་དགེ་རྒན་གྱིས་ང་ལ་གཤེ་གཤེ་བཏང་ཞིང་། ངའི་ཐོག་ཏུ་ཁུ་ཚུར་ཞིག་ཀྱང་གཞུས་བྱུང་། དེ་དུས་ངས་རང་གི་སྐར་གྲངས་མཐོང་བ་དང་བློ་ཕམ་ཚད་མེད་སྐྱེས། སློབ་ཚན་གྲོལ་རྗེས་རྒན་ལགས་ཀྱིས་ང་ཁོང་གི་གཞུང་ལས་ཁང་དུ་བོས་བྱུང་། སྐབས་དེར་ངའི་སྙིང་ཁ་རྡིག་རྡིག་ཏུ་གཡུག་བཞིན་པའི་ཚོར་སྣང་བྱུང་། ངས་མགོ་བོ་ནང་དུ་གུག་བཞིན་གཞུང་ལས་ཁང་གི་སྒོ་ནས་ཡར་འཛུལ་དུས། ཁོང་གིས་ང་ལ་ལག་པས་ཐུག་ཙམ་ཡང་མ་བྱས་པ་མ་ཟད། ང་རང་ཡི་མུག་པ་མཐོང་རྗེས་སེམས་གསོ་དང་སྦྲགས། “གང་ཡང་བྱེད་ཀྱི་མ་རེད། ད་ཐེངས་ཡག་པོ་མ་བྱུང་ཡང་རྗེས་སུ་ཤུགས་རྒྱག་ཆོག་གི་རེད”ཅེས་ངག་འཇམ་པོས་གསུངས་བྱུང་བས། ངའི་ཡིད་ངོར་འཐིབས་པའི་སྡུག་གི་སྨུག་སྤྲིན་དེ་མུར་སངས་ཤིང་ཨང་རྩིས་སྦྱོང་བའི་སེམས་ཤུགས་ཀྱང་ཇེ་ཆེར་འཕེལ་སོང་། ངས་དཀའ་ངལ་ཡོད་ཚད་ཁྱད་བསད་ཀྱིས་སྦྱངས་བརྩོན་ལྷོད་མེད་བྱས་པ་དང་། མི་ཤེས་པའི་རིགས་སློབ་གྲོགས་གཞན་ལ་འདྲི་བའམ་མཉམ་དུ་གྲོས་བསྡུར་བྱས་ནས་ཤེས་ཐབས་བྱེད་ཀྱི་ཡོད་པས། ངའི་ཨང་རྩིས་སྦྱངས་འབྲས་ཀྱང་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་བྱུང་།
སློབ་གྲོགས་ཚོ། དགེ་བའི་བཤེས་གཉེན་ནི་ང་ཚོའི་བློ་མུན་སེལ་མཁན་དང་ང་ཚོའི་ཕ་མ་གཉིས་པ་ལྟ་བུ་རེད། ཁོང་རྣམ་པས་ང་ཚོ་ཤེས་བྱའི་རྒྱ་མཚོའི་ཕ་མཐར་སྒྲོལ་རོགས་བྱེད་ཅིང་། མ་འོངས་པའི་མདུན་ལམ་སྟོན་པར་བྱེད། ང་ཚོའི་ད་ཡོད་ཀྱི་གྲུབ་འབྲས་མང་པོ་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་དྲིན་ལས་བྱུང་བས། ང་ཚོས་ལུས་ངག་ཡིད་གསུམ་གྱིས་ཁོང་ཚོར་གུས་བཀུར་ཞུ་འོས་སོ།
(མཛུབ་ཁྲིད་དགེ་རྒན། དགའ་བཟང)